2016年10月31日 星期一

སྡེ་དགེའི་རྒྱལ་རབས་ངག་གི་ས་བོན་ཨཏྤལ་ཆུན་པོ་ཞེས་བྱ་བ།

ཆོས་རྒྱལ་སྡེ་དགེའི་རྒྱལ་རབས་ཉུང་ངུར་བསྡུས་པ་ངག་གི་ས་བོན་ཨཏྤལ་ཆུན་པོ་ཞེས་
བྱ་བ་རྨུགས་སངས་མཁར་ཚ་ཚེ་རིང་བླ་མའམ་བན་དེ་འཇམ་དཔལ་བཟང་པོས་
རབ་རྒྱལ་ལྕགས་སྦྲུལ་ལོར་དཔལ་ལྡན་ལྷུན་གྲུབ་སྟེང་
གི་རྒྱལ་ས་རུ་མཛད་པའོ།།

༄༅། །དྷརྨ་རཱ་ཛ་སེ་ན་ཤུ་བྷ་སྭ་རྭ་ཛྷཾ་བི་མོ་གྷ་དྷ་བྷྲཾ་ཡ་གཱུ་ཝཱག་པྲཱ་ཛ་ཐ་བཾ་དྭ་ལ་ནཱ་མ་ཏི་སྨ།།
༄༅། །ཆོས་རྒྱལ་སྡེ་དགེའི་རྒྱལ་རབས་ཉུང་ངུར་བསྡུས་པ་ངག་གི་ས་བོན་ཨཏྤལ་ཆུན་པོ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་བཱི་ཛ་ཡནྟུ།
བསྔགས་འོས་སྐྱེད་ཚལ་ལས་འཁྲུངས་པའི། །ཆོས་སྲིད་གཏམ་གྱི་ཨཏྤལ་ཆུན། །སྐྱེ་དགུའི་རྣ་ལུང་མཛེས་བྱེད་པའི། །ཉུང་ངུའི་ངག་གི་སོར་མོས་བཀོད། །
འདི་བཀྲ་ཤིས་པའི་འབེལ་གཏམ་གྱི་སྐབས་སུ་ཡས་གཏམ་དམ་པ་ཆོས་ཀྱི་ལོ་རྒྱུས། མས་གཏམ་འཇིག་རྟེན་འཁོར་བའི་ཆགས་ཚུལ། རྣམ་འདྲེན་སྟོན་པ་སངས་རྒྱས་བྱོན་ཚུལ། དེ་ཡིས་སྐྱོབ་པ་དམ་ཆོས་གསུང་ཚུལ། བསྟན་པ་འཛིན་པའི་དགེ་འདུན་དར་ཚུལ། འཕགས་བོད་ས་སྐྱོང་རྒྱལ་པོའི་རྒྱལ་རབས་སོགས་བཤད་པའི་ཡལ་ག་རྒྱ་ཆེ། ཚིག་གི་ལོ་མ་གྲངས་མང་། དོན་གྱི་མེ་ཏོག་ངོ་མཚར་ཡོད་པ་ལས། སྐབས་སུ་བབ་པའི་གཏམ་ནི། རང་ཅག་རྣམས་ཀྱི་ཚེ་རབ་ལས་ཀྱི་བདག་པོ། མེ་ཏོག་ཕོག་པའི་ལྷ་སྐལ། གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག བོད་མགོ་ནག་གི་སྤྱི་རྗེ། བདག་པོ་སྡེ་དགེ་རྒྱལ་པོ་ཞེས་པ་འདི་ལ། འོད་གསལ་ལྷའི་གདུང་རྒྱུད། གྲུབ་པ་ཐོབ་པའི་ཆོས་བརྒྱུད། འཇིག་རྟེན་སྟོབས་ཀྱི་ཆེ་བརྒྱུད། རིག་པ་འཕྲུལ་གྱི་མཁས་བརྒྱུད་བཅས་གཞན་ལ་མེད་པའི་ཁྱད་ཆོས་བཞི་ཡོད་པའི་གདུང་རབས་གསེར་རིའི་ཕྲེང་བ་འདི་ཉིད་ཀྱི་ཕུག་གང་ལས་བྱུང་བ་བཤད་ན། བོད་གངས་ཅན་གྱི་ལྗོངས་འདིར་སྤྲེལ་རྒན་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ལས་བྱོན་མུ་ཚ་སྒའི་རིགས། ཨ་ལྕགས་འབྲུའི་རིགས། སོ་ཆུ་སྦྲ་འཛིན་གྱི་རིགས། སྨུག་པོ་གདོང་གི་རིགས་ཏེ་རུས་ཁམས་ཆེན་པོ་བཞི་དང་། ནུ་བོ་དབའ་སྡ་གཉིས་བཅས་བོད་མིའུ་གདུང་དྲུག དེ་ནས་ནུ་བོ་དབའ་སྡ་གཉིས་ལ་གཅིག་ཏུ་བརྩིས་པའི་སྒ་ཞེས་གྲགས་པའི་འགྲོ་བ་ཆགས་ནས་རིང་ཞིག་འདས་པ་ན། ཤར་མེ་ཉག་བཞག་ར་དཀར་པོའི་ལྷ་རྩེར།སྟེང་ནམ་མཁའི་དཀྱིལ་ནས་འོད་གསལ་གྱི་ལྷ་ཞིག་སྲིད་པའི་དམུ་ཐག་ལ་བརྒྱུད་ནས་རྫུ་འཕྲུལ་གྱིས་བབས་པ་ལ། མཚན་མགར་གནམ་ཚ་འབྲུག་ཅེས་བཏགས་པ་དེ་ལ་སྒོ་ལྷ་སྡེ་དཀར་པོའི་རིགས་ཞེས་ཁྱད་པར་འཕགས་པ་དེ་ཉིད་ལས་རིམ་པར་བྱོན་པ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒོམ་པའི་དུས་སུ། རྒྱ་བལ་གྱི་རྟེན་མཆོག་རྣམ་གཉིས་དང་། ལྷ་མོ་སྒྲོལ་མ་དཀར་སྔོན་གཉིས་གངས་ཅན་བོད་ཀྱི་སྐལ་པར་སྤྱན་དྲངས་པའི་འཕྲུལ་བློན་ཆེན་པོ། དཔལ་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་མགར་སྲོང་བཙན་ཡུལ་བཟུང་ངམ་མགར་བློན་རིག་པ་ཅན་དུ་གྲགས་པ་དེ་ཉིད་ནས་བཟུང་གདུང་རབས་རིམ་པར་བྱོན་པས། ཆེན་པོའི་ལྷ་གྲལ་མ་ཞིག མཐོན་པོའི་དབུ་འཕང་མ་ཉམས། མཁས་པའི་འཕྲུལ་རྒྱུད་མ་ཆད། བཙན་པོའི་ཐོབ་ཐང་མ་ཡལ་བ། གཞན་སྡེ་སྟོབས་ཀྱིས་གནོན་པ་ལ་དཔའ་ཆེན་ར་མ་ཎ་ལྟ་བུ། རང་སྡེ་ཐབས་ཀྱིས་བསྐྱང་བ་ལ་ལྷ་ཆེན་ཚངས་པ་ལྟ་བུ། རྒྱལ་བསྟན་སྲིད་ཞུས་མཆོས་ས་ལ་ཆོས་རྒྱལ་མྱ་ངན་མེད་ལྟ་བུ། གཙུག་ལ་རྟེན་གསུམ་བཞེངས་པ་ཆོས་རྒྱལ་མེས་དབོན་རྣམས་གསུམ་ལྟ་བུ། ཡངས་པའི་ཁྱོན་ལ་སྟོས་ཀྱིས་འཁོར་ལོས་བསྒྱུར་བ་སྡེ་དགེ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་གདུང་རབས་སུམ་ཅུ་སོ་བཞི་མཚམས་བདེ་ཆེན་བསོད་ནམས་བཟང་པོ་དེ་ཉིད་རྔུ་ས་དམར་མདོ་ནས་རང་གི་མ་ཡུམ་ཨ་ཁེ་མའི་དགོངས་རྫོགས་སྒྲུབ་པའི་ཕྱིར་ཤར་ཀཿཐོག་རྡོ་རྗེ་གདན་དུ་ཡར་ཕེབས་པའི་དུས། དེ་ཉིད་ཀྱི་གཅུང་པོ་གྲུབ་པའི་སློབ་དཔོན་ཆེན་པོ་རྔུ་ཆོས་ཀྱི་རྡོ་རྗེ་དང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ཟུང་གིས་ལུང་བསྟན་ཏེ། ཁྱེད་རང་འདི་ན་ཡར་སོང་ཞིག་དང་། སྟོད་ས་བཙན་གྱི་གོང་བ་བཟུང་། སྡེ་བཙན་གྱི་རྙ་བ་མནན། སེངྒེའི་གཡུ་རལ་ལེན། རྒྱ་སྟག་གི་ཁ་ཚར་ཕྱེ། ཕ་བས་བུ་བཟང་། བུ་སྲས་ཚ་བོ་ལྷག་པར་འབྱུང་ཞེས་པའི་ལུང་བསྟན་པའི་ལུང་དོན་ཡིད་ལ་བཞག་ནས་ལས་ཤུགས་གསེར་གྱི་འཁོར་ལོས་སྣ་དྲོངས། སྨོན་ལམ་རྣམ་པར་དཀར་བས་ལམ་ཕྱེས་ཏེ་འབྲི་རྒྱུད་ནས་ཡར་ཕེབས་པ་དང་། གླིང་ཁྲོ་ཐུང་ཉ་ཚ་ཨ་བརྟན་གྱི་རྒྱུད་པ་དྲའུ་དར་གསུམ་ཞེས་པའི་བརྒྱུད་ལྕགས་རའི་གླིང་དཔོན་གསུམ་པའི་ནང་བློན་མཛད། དེའི་དུས་སུ་ལྷའི་ཆར་ཕབ། ཀླུ་ཡིས་ནོར་སྦྱིན། གཉན་གྱིས་དོན་བསྒྲུབ་པས་ཡུལ་གྱི་སྡེ་ལ་དགེ་མཚན་བླང་བས་སྡེ་དགེ་ཞེས་པའི་མཚན་སྙན་འདི་ནམ་མཁའི་ལྷ་རྣམས་ཀྱིས་བཏགས་པས་ལས་དབང་བསོད་ནམས་སྟོབས་ཀྱིས་དབུ་བརྙེས། དེ་ལ་སྲས་བཞི་ཡོད་པའི་གཉིས་པ་བློ་སྟོབས་འཕྲུལ་གྱི་བང་མཛོད་ལས་དབང་ཆོས་ཀྱི་འབྱུང་ཁུངས་ཆེན་པོ་གདུང་རབས་སོ་ལྔ་པ་བོ་ཉ་བཀྲ་ཤིས་སེངྒེས་རང་གི་རིགས་ཀྱིས་སྲས་མོའི་ཡིད་འོང་མཛེས་པའི་གདོང་གིས་གླིང་དཔོན་ཡིད་བསླུས་ཏེ་ཕན་ཚུན་གཉན་དུ་སྦྲེལ། མོ་རིས་དུ་མཛོད་དོར་ཉིན་རྨོས་གཅིག་གི་ས་ཆ་སྦྱིན་པའི་ཁས་ཆད་བྱས་པས་སྟོད་འཁོར་ལོ་ཡོད་ནས་སྨད་སྙེ་མདའི་རྟེན་རྡོ་བར་གྱི་ཐུལ་རྒྱུད་བཀྲ་ཤིས་ལྷ་སྡེ་ཉིད་གཡོ་སྟོབས་ཀྱི་དཔུང་པས་དབང་དུ་བྱས་པས། དེའི་སྐབས་སུ་བོ་ཐང་བོ་ཡོས་འཚེངས། བདག་པོ་སྙིང་རླུང་ལངས། སྡེ་ཕྱེད་བློན་ལ་ཤོར། གཡོག་པོས་དཔོན་པོ་བྱེད། ཟེར་བའི་གྲགས་པ་བྱུང་བས་དེ་ནས་བཟུང་བཀྲ་ཤིས་རྒྱལ་མདའ་་་་་་་་་་་་་་སྟེང་ལ་གནས་བཅས་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་སྲིབ་དགོན་ཀླུའི་ཕོ་བྲང་རས་གཟན་གྱིས་བཀབ་ནས་རྫུ་འཕྲུལ་སྤྲུལ་པའི་ལྷ་ཁང་བཞེངས། ཆོས་སྡེ་ཆེན་པོ་་་དཔལ་ལྷུན་་་་་་་་་འགྲུབ་སྟེང་འདིར་ཆག་བཏབ། རྒྱལ་སྲིད་ཆོས་དང་འབྲེལ་བའི་སྲོལ་བཙུགས། སྲུང་མ་དཔལ་མགོན་ཞལ་ལ་བཀའ་བགོས་པ་ཡིན་ཏེ། གནའ་བོའི་ཡིག་ཚང་ལས། གཡས་རི་གཡུང་འབྲུག་འགྱིང་བ་འདྲ། །གཡོན་རི་སེངྒེ་འཕྱོང་བ་འདྲ། །རྒྱབ་རི་ཤེལ་གྱི་མཆོད་རྟེན་འདྲ། །མདུན་རི་གླང་ཆེན་འདུད་པ་འདྲ། །གཡུ་སེང་བར་ན་དགོན་པ་བཏབ། །ས་འདུལ་ཐང་སྟོང་རྒྱལ་པོས་མཛད། ཡོན་བདག་བཀྲ་ཤིས་སེངྒེས་བྱས། །དགོན་མིང་ལྷུན་གྲུབ་སྟེང་དུ་བཏགས། །ཞེས་པ་བཞིན་སྲུབ་རི་འདིར་དགེ་འདུན་གྱི་སྡེ་བཙུགས། བསམ་གཏན་གྱི་ཁང་པ་བརྒྱ་དང་བརྒྱད་བཞེངས་ནས་ཡངས་པའི་ས་ཆེན་པོ་གསུམ་ལ་སྟོབས་ཀྱི་མངའ་དབང་བསྒྱུར་བའི་ཐོག་མའི་རྟེན་འབྲེལ་འགྲིགས། དེ་ལ་ལྷ་རིགས་གསེར་གྱི་གསེར་གྱི་མེ་ཏོག་གཉིས་འཁྲུངས་པའི་ཆེ་བ་སྡེ་དགེ་བླ་མ་དཔལ་ལྡན་སེངྒེ་ནི། ངོར་གྱི་མཁན་ཆེན་ལྷ་མཆོག་སེངྒེ་རྩ་བའི་བླ་མར་བསྟེན། སྐྱེས་སྦྱོང་གི་ཡོན་ཏན་བློ་གྲོས་དང་ལྡན་པས་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཁྲི་ལ་འཛེག རྔུ་སེངྒེ་རྫོང་དུ་བསྐྱེད་རྫོགས་ཉམས་ལེན་ལ་གཞོལ་ནས་སྒྲུབ་པའི་རྒྱལ་མཚན་བཙུགས། གྲུབ་པའི་གོ་ས་མཐོན་པར་བརྙེས། ཉིན་དགོན་གྱི་འདུས་སྡེ་ཐོག་མར་བཙུག་པས་བསྟན་པའི་གཞི་སྤེལ། ཆུང་བ་གདུང་རབ་སོ་དྲུག་པ་རྒྱལ་མཚན་འབུམ་ནི་ལུགས་གཉིས་ཀྱི་ཕྲིན་ལས་དབང་བསྒྱུར་བས་ལྷ་རིགས་བརྒྱུད་པའི་ཆུ་བོ་བཟུང་། དེ་ལ་བཀྲ་ཤིས་པའི་ལྷ་སྲས་བཞི་ཡོད་པ་ལས། དང་པོ་དཔོན་ཆེན་ཨ་སྔ་ལ་མཐུ་སྟོབས་ཀྱི་དབང་ཕྱུག་ཇོ་གདན་ནམ་མཁའ་ལུན་བཟང་འཁྲུངས། དེ་ཉིད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བསྙེན་སྒྲུབ་ལ་རྟག་པར་གཞོལ་བས་ལྗགས་ཐོག་ནས་ལྕགས་ཀྱི་རིལ་བུ་རང་རྡོལ་དུ་བྱུང་། གྲུབ་པའི་མཚན་མ་མངོན་སུམ་དུ་བརྙེས་པས་དྲག་སྔགས་ནུས་པའི་བཀའ་བབས་ཆེན་པོར་གྱུར། ཉེ་བར་གནས་པ་རྣམས་ཀྱིས་རྡོ་རྗེ་འཇིགས་བྱེད་དངོས་སུ་མཐོང་བས་གྲུབ་པ་ཐོབ་པའི་ཆོས་བརྒྱུད་འཛིན་པ་བྱོན། ལྷ་སྲས་གཉིས་པ་ཡ་རྒྱལ་འཕེལ་ལ་སྡེ་དགེ་བླ་མ་ཀུན་དགའ་རིན་ཆེན་འཁྲུངས། དེ་ཉིད་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་སོགས་བརྟེན་ནས་ཟབ་ཆོས་ཀྱི་བདུད་རྩིར་བཞེས། ལྷག་པའི་ལྷ་མང་པོའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པས་ཡུལ་གསུམ་གྱད་དུ་གྱུར། རྫོགས་རིམ་གྱི་ལས་རླུང་དབུ་མར་ཐིམ་པས་གྲུབ་པ་ཆེན་པོའི་ས་ལ་བཞུགས། ཀུན་གྱི་མཐོང་སྣང་དུ་སྒྲུབ་ཁང་ཡེ་ཤེས་ཀྱི་མེ་དཔུང་དུ་གྱུར། ལྷ་ཁང་གསར་དུ་བཞེངས་ནས་འཕགས་ཚོགས་དགེ་འདུན་གྱི་སྡེ་བཙུགས། སྡེ་དགེ་བླ་བྲང་ལྷ་ཁང་ཞེས་པའི་མཚན་ཐོག་མར་འཆང་ནས་སངས་རྒྱས་བསྟན་པ་དར་རྒྱས་མཛད། ལྷ་སྲས་གསུམ་པ་གདུང་རབས་སོ་བདུན་པ་ནམ་མཁའ་ལ་ལྷ་རིགས་ཀྱི་གཏེར་མཛོད་ཡབ་རྗེ་དམ་པ་སྲས་ལྷུན་ཐུབ་བྱོན། ལྷ་སྲས་བཞི་པ་རྡོ་རྗེ་ལྷུན་གྲུབ་ལ་སྲས་གཉིས་ཡོད་པའི་ཆེ་བ་ཀརྨ་སྲུང་གིས་ཁྱིམ་པའི་ཚུལ་བཟུང་། ༼བ་ལ་སྲས་མགོན་པོ་དང་། ལྷུན་གྲུབ་གཉིས། མགོན་པོའི་སྲས་བླ་མ་བསོད་ནམས་རྒྱལ་མཚན། སྐལ་བཟང་འབུམ། པདྨ་བསམ་གྲུབ། ཀུན་དགའ་ཚེ་བརྟན་བཞི་ལས་ཕྱི་མ་འདི་མདོ་རྒྱུད་མན་ངག་བཅས་ལ་མཁས་ཤང་རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས། ལོ་གྲངས་བཅུ་གསུམ་བར་བསྙེན་སྒྲུབ་མཛད་ཅིང་དབོན་སྟོད་དུ་བཞུགས་ནས་མཁའ་སྤྱོད་དུ་གཤེགས། སྐལ་བཟང་འབུམ་གྱི་སྲས་བླ་མ་བཀྲ་ཤིས་རྒྱ་མཚོ་སོགས་བྱོན་ནོ།།༽གཉིས་པ་གྲགས་པ་ལྷུན་གྲུབ་ནི། ཐུགས་དམ་གྱི་གཙོ་བོ་དགྱེས་པ་རྡོ་རྗེ་དང་། ཆོས་སྲུང་གི་གཙོ་བོ་གུར་གྱི་མགོན་པོ་ལ་མཛད་པས་བསྙེན་སྒྲུབ་ཀྱི་དྲོད་རྟགས་བརྙེས། སྲུང་མའི་སྐུ་རྟེན་གསར་དུ་བཞེངས་ནས་དཔལ་མགོན་པོ་དངོས་སུ་བསྟིམ། ཕྱིས་སུ་དུས་འཁྲུགས་སྐབས་སྐུ་རྟེན་འདི་ཉིད་ཐོག་ཁར་སྤྱན་དྲངས་ནས་ཕྲིན་ལས་བསྐུལ་བའི་དུས་ལས་མགོན་རྟ་ནག་བཅིབས་ཏེ་དངོས་བྱོན་དུ་ཡོད་པའི་སྲུང་མ་བྲན་དུ་ཁོལ་བའི་མཐུ་སྟོབས་དབང་ཕྱུག་ཆེན་པོ་བྱོན་པ་ཡིན་ནོ། །ཁྱད་པར་བསོད་ནམས་ཀྱི་འབྱོར་པ་དང་། སྨོན་ལམ་གྱི་འཕེན་པ་བཟང་པོས་ཡབ་རྗེ་དམ་པ་གདུང་རབས་སོ་བརྒྱད་པ་ལྷ་རིགས་ལྷུན་ཐུབ་ཅེས་པ་དང་། གླིང་བཟའ་ཨ་ར་ལ་གཉིས་ལ་རྒྱ་སྟག་ཚང་ནས་ལངས་འདྲའི་སྤྲུལ་པའི་ལྷ་སྲས་དྲུག་འཁྲུངས་པ་ལས་འཇིག་རྟེན་གྱི་ལྷས། གླིང་ཨ་ར་མར་བུ་དྲུག་འཁྲུངས། །བུ་དྲུག་སྟག་མོ་བུ་དྲུག་ཡིན། །ཞེས་བསྔགས་པའི་མེ་ཏོག་འཐོར་བ་ལས། ལྷ་སྲས་དང་པོ་སྡེ་དགེ་བླ་མ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ནི། རྗེ་འབངས་ཉེར་ལྔའི་ནང་ཚན་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། བྱང་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་སོགས་ཀྱི་རྣམ་འཕྲུལ་དུ་ལུང་བསྟན། སོག་བཟློག་པ་བློ་གྲོས་བཟང་པོ་དང་། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སོགས་གསར་རྙིང་གི་བླ་མ་མང་དུ་བསྟེན། བློ་གྲོས་ཕུན་སུམ་ཚོགས་པས་ཟབ་དོན་གདམས་པའི་བང་མཛོད་ཡིན། བསྙེན་སྒྲུབ་ཚད་དུ་འཁྱོལ་བས་དྲེགས་པ་གཟའ་གདོང་དམར་ནག་བྲན་བཞིན་མངགས། འབྱུང་པོ་གདུག་པ་ཅན་མང་པོ་བཀའ་རྟགས་ཀྱི་ཕྱག་རྒྱའི་དམ་འོག་ཏུ་བཙུད། སྣང་སེམས་དབྱེར་མེད་དུ་འདྲེས་པས་སྲ་མཁྲེག་གི་རྡོ་ལ་ཞབས་རྗེས་བཞག ཆོས་ཉིད་ཟད་སར་འཆོལ་བས་གྲུབ་པའི་མཚན་སྙན་ཁྱབ། སློབ་ཚོགས་མཐའ་ཡས་པ་བསྐྱངས་ནས་གསང་ཆེན་བསྟན་པའི་ཤིང་རྟ་འཛིན། རི་ཁྲོད་སྨིན་གྲོལ་གླིང་གི་སྒྲུབ་སྡེ་ཆག་བཏབ་ནས་སྒྲུབ་གནས་མཛད། དབུས་ཕྱོགས་སུ་ཕེབས་དུས་རིག་འཛིན་འཇའ་ཚོན་སྙིང་པོ་ལས་སྨིན་གྲོལ་མང་དུ་གསན། སྐབས་ཞིག་ཏུ་ཚོགས་འཁོར་གྱི་ཟན་ལས་བཟོས་པའི་པདྨ་ཐོད་ཕྲེང་རྩལ་གྱི་ཕྱག་རྟགས་སྡིག་གཟུགས་ཞིག་ལག་ཏུ་གཏད། འཇའ་ཚོན་རང་གི་ཐམ་ཀ་གནང་ནས། ཁྱོད་རང་བརྒྱུད་པར་བཅས་པས་ཐེལ་རྟགས་འདི་ལྟར་རྒྱོབ་ཅིག་དང་། ས་སྟོད་ཕྱོགས་ཐམས་ཅད་ས་སྐྱས་བཟུང་། སྨད་ཕྱོགས་ཐམས་ཅད་རྙིང་མས་བཟུང་། བསྟན་སྲིད་ཕྱི་རྒྱ་ལ་གས་དང་ནང་རྒྱ་ལ་སྲུབ་མེད་པར་འོང་གསུངས་པའི་རྟེན་འབྲེལ་གྱིས་ཕྱག་རྟགས་སྡིག་ཐམ་དམར་པོས་རྒྱལ་ཁམས་ཡོངས་ལ་ཆོས་སྲིད་ཀྱི་ལས་ལུང་བཏང་བའི་དབུ་བརྙེས། འཇའ་སྡིག་བར་གྱི་གཏན་ཚིག་ཅེས་གནའ་ནས་དེང་བར་གྲགས། བསྟན་འགྲོའི་མཛད་པ་མཐར་ཕྱིན་ནས་རབ་བྱུང་བཅུ་གཅིག་པའི་ས་ཁྱི་ལོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པ་ཡིན། ལྷ་སྲས་གཉིས་པ་ཀླུ་འཕེལ་གྱིས་ཁྱིམ་པའི་མཚན་ཉིད་བཟུང་། ལྷ་སྲས་གསུམ་པ་སྡོམ་བརྩོན་རྒྱལ་པོའི་ཚུལ་བཟུང་བ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་བླ་མ་དམ་ཆོས་ལྷུན་གྲུབ་བམ་བླ་ཆེན་བྱམས་པ་ཕུན་ཚོགས་ནི། ཤར་ཆེན་ཤེས་རབ་འབྱུང་གནས་དང་། མཁན་ཆེན་དཔལ་མཆོག་རྒྱལ་མཚན་སོགས་གསར་རྙིང་གི་བླ་མ་མང་དུ་བསྟེན་སྡོམ་པ་གསུམ་གྱི་ཉམས་བཞེས་མཛད་ཅིང་མཁས་བཙུན་བཟང་པོའི་གོ་སར་ཕྱིན། ཐོས་བསམ་སྒོམ་པས་རང་རྒྱུད་ཐུལ། རྒྱལ་སྲས་ཀྱི་སྤྱོད་པ་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་མངའ་དབང་འབྱོར་བ་ཡིན་ཏེ། མདོ་སྨད་ཀྱི་ལྗོངས་འདིར། སྡེ་ཤོག་རེ་ལ་དཔོན་རེས་བཟུང་། ལུང་ཆུང་རེ་ལ་ཚོ་རེས་བཟུང་། རི་འབུར་རེ་ལ་རྫོང་རེ་བརྩེགས་ནས་སྤྱི་ལ་མགོ་དཔོན་མེད་དཔོན་ལ་རྒྱལ་ཁྲིམས་མེད་པའི་དུས། ཚོ་ཆེན་གྱིས་ཚོ་ཆུང་ཟ། ཤེད་ཡོད་ཀྱིས་ཤེད་མེད་བརྡུང་། རྫིའུས་ཁ་ཆེམས་བཞག ཆུ་ལེན་དགྲ་ཆས་སྤྲོད་དགོས་པའི་དུས་སུ། ལས་དབང་བསོད་ནམས་སྟོབས་ཀྱི་ཁྲི་ལ་ལྷའི་རྒྱལ་པོས་དབང་བསྐུར། མིའི་རྒྱལ་པོས་མངའ་གསོལ་ནས་མདོ་སྨད་ལུགས་བརྒྱའི་འདུན་ས་འདི་ཉིད་ཀྱི་ཁྲི་རབས་གསེར་རིའི་ཕྲེང་བ་ཐོག་མར་བཟུང་བས་ཆོས་རྒྱལ་སྡེ་དགེ་རྒྱལ་པོ་ཞེས་འཛམ་གླིང་ཡོངས་ལ་གྲགས་པ་བྱུང་། ༼རབ་བྱུང་བཅུག་གཅིག་པའི་ས་སྟག་ལོར་༽སོག་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་མཆོད་ཡོན་ཉི་ཟླ་ཟུང་སྦྲེལ་མཛད་ནས། ༼ས་ཡོས་ཧོར་ཟླ་ལྔ་་་་་་་་མི་གསལ་༽བོན་པོའི་སྦྱིན་བདག་བེནྡྷེའི་སྤྱི་དགྲ་བེ་རི་དོན་ཡོད་རྒྱལ་པོ་དྲག་པོའི་དཔུང་གིས་གཏོར་བས་༼སྐབས་ཁོ་རང་ཕྱོགས་གཞན་དུ་བྲོས་པ་ལྕགས་འབྲུག་ཟླ་ ༡༡ ཚེས་ ༢༥ བཙོན་དུ་བཅུག་པའི་རྒྱབ་དཔུང་མཛད་པས་་་་་་་་་་་་་མི་གསལ༽  དགྲ་དཔའ་རྩལ་ཆེ་བའི་གྲགས་པ་ཐོབ། དེའི་མངའ་ཁུལ་དཔེ་ཝར། ཝ་རི་གཉིས། མཁར་མདོ་ཕ་རི། དབོན་སྟོད་ཕ་རི། ལྷ་འབྲོག་ཁག་ལྔ། སྟག་རོང་རུ་བ་ཡིད་ལྷུང་བཅས་སོག་པོ་རྒྱལ་པོས་ལྷ་སྡེར་ཕུལ། གོ་འཇོ་བསམ་འགྲུབ་གཞུང་ནས་མཁའ་འགྲོ་རྒྱལ་པོས་སྡེ་དགེ་ལ་གསེར་ཁྲལ་འདོད་པས་རྐྱེན་བྱས་ནས་དགྲ་བརྒྱབ་པས་མིང་མེད་གཏོར། དེ་ཡི་སྡེ་བསམ་འགྲུབ་གཞུང་། ཉག་གཤིས། ཀུ་སེ་སྡེ་རྙིང་བཅས་བཙན་པོད་དབང་དུ་བསྡུས། གོ་འཇོ་དཔོན་མོའི་ཁོང་གཏོགས་སྤོ་ལུ་འདི་བླ་མ་ཀརྨས་དཀར་པོ་སུམ་ཚན་བརྒྱུད་ནས་བླ་ཆེན་ལ་མགོ་བཏགས་ཞུས། ཀུ་སེ་སྡེ་གསར་འདི་བསམ་པ་ཕུན་ཚོགས།གནས་ར་ཨ་གྲོ། སྤྱང་ཞིང་ཕུན་ཚོགས་གསུམ་ནས་གོ་འཇོར་ངོ་ལོག་གིས་བླ་ཆེན་འདི་ལ་མགོ་འབུལ། ཀུ་སེ་དཔལ་དྲོ་འདི་ཨ་རྨྱེ་རྒྱ་གར་མགོན་པོ་ནས་མགོ་བཏགས་པས་རིམ་གྲོའི་མཆོད་གནས་སྔགས་སྡེར་མངའ་གསོལ་བ་བཅས་འདི་རྣམས་མཁའ་འགྲོ་རྒྱལ་པོའི་མཁའ་ཁུལ་ཡིན་ཡང་བླ་ཆེན་གྱི་དཔུང་ཤུགས་ཀྱི་ཟིལ་མ་བཟོད་པས་སྐྱབས་བཅར་ཞུས། རྨེ་ཤོད་གླིང་དཔོན་དུ་སི་ནང་འཁྲུག་སྐབས་གཉེར་ཆེན་གད་ཐོག་ཀུན་དགའ་དོན་གྲུབ་ཀྱི་མཆེད་ཡ་ཨ་འུག་མ་ཐབས་ཀྱིས་བཀུགས་ནས་འཛིང་རྩེ་དྲོ་ཟམ་ཁ་ནས་ཟིས་ལ་ག་མ་མན་ཆད་ཀྱི་ས་ཡིག་བླངས་ནས་བླ་ཆེན་ལ་ཕུལ་བས་ཤར་ཁ་ཕྱོགས་ཐམས་ཅད་མངའ་འོགས་སུ་འདུས། ཟུལ་དཔོན་ཨ་བཀྲའི་སྡེ་འཁོར་ལོ་མདོ། ཚོ་པ་རབ་ཆབ། འཛོལ་ཐོག གླིང་དྲུང་རྒོད་མའི་སྡེ་མཁར་མདོ་ཚུ་རི་བཅས་གད་ཐོག་གཉེར་པའི་དཔུང་དང་བློ་སྟོབས། བླ་ཆེན་འདིའི་རྒྱབ་བརྟེན་བཅས་ཀྱིས་དབང་དུ་བསྒྱུར། ལེ་ཐང་སྟོང་ར་སྡེ་པའི་སྡེ་སྒ་རྗེ་དང་དཔལ་ཡུལ། གསེར་བྱ་བག་ཐུལ་ཁའི་སྡེ་དཔལ་འབར། དཔོན་ཆུང་གེ་འཕན་ཨ་གཞེའི་སྡེ་ཙམ་མདོ། དབོན་སྟོད་བླ་མའི་སྡེ་དབོན་ཚུ་རི། དྲུང་དཀོན་མཆོག་ལེགས་པའི་སྡེ་ཡེ་ན། གླིང་ཨ་ཡུ་མདོ་མང་གི་སྡེ་ལྕགས་ར། རབ་བརྟན་སྐམ་པ་དྲུང་པའི་སྡེ་རབ་བརྟན། སེ་ཚ་ཚོ་པ་མགོན་པོའི་སྡེ་ལྕགས་རའི་སེ་ཚ། ཨ་གྲོ་ས་དམར་སྡེ་ཧོར་པོ་བཅས་འགའ་རེས་འདི་ཕྱིའི་སྐྱབས་གཅར་ཞུས་ནས་ལྷ་སྡེར་ཕུལ། འགའ་རེ་དྲག་པོའི་དམག་གིས་གཏོར་ནས་བཙན་འཕྲོག་བྱས་པས་རྫོགས་ཆེན་བཅོ་བརྒྱད་ཀྱི་མངའ་འབངས་མི་ཁྱིམ་སུམ་ཁྲི་དྲུག་སྟོང་ལ་རང་དབང་བསྒྱུར། དེར་མ་ཚད་ཡུལ་ཆེན་རེེ་ལ་དགོན་ཆེན་རེ་བཏབ་ས་མདོ་རེ་རྫོང་རེ་བརྩེགས། རྫོང་ཆེན་རེ་ལ་དཔོན་རེ་བསྐོས་ནས་རྒྱལ་པོའི་ལོ་ཁྲལ་གྱི་མ་དེབ་བཀོད། དེའི་དུས་སུ་སྡེ་དགེ་སྟོབས་ཤུགས་ཆེ་བས་ཡུལ་ཆེན་མང་པོ་དབང་དུ་བསྡུ་ཆེ་བའི་གྲགས་པ་ལ་ཕྲག་དོགས་ནས་གླིང་དཔོན་འགའ་རེས་སོག་པོ་རྒྱལ་པོ་ལ་དབྱེེན་ཞུས་ཕུལ། སོག་པོ་མཚོ་སྔོན་རྒྱལ་པོ་དཱ་ལས་བ་ཐུར། ཀུན་དགའ་རས་ཆེན། མེར་རྒན་ཇོ་ནང་སོགས་ཀྱིས་སྡེ་དགེའི་སྟེང་དམག་ཆེན་གཡོས་ཀྱང་ས་བཙན་གྱི་མི་ལ་ཆོས་སྲུང་གིས་རྒྱབ་བརྟེན་པས་རྒོལ་མ་ཕོད་པར་ཕྱིར་ལོག རབ་བྱུང་བཅུ་པའི་མེ་འབྲུག་ལོར་བསམ་འགྲུབ་མཐོང་གྲོལ་ལྷ་གསར་ཁང་འདི་གསར་དུ་བཞེངས་ནས་ད་ལྟ་ཡན་ལོ་ ༣༢༠ སོང་། དེའི་ནང་རྟེན་གཙོ་བོ་འགྲོ་མགོན་ཆོས་འཕགས་ཀྱིས་འཛིང་བང་རྒོད་ཚང་གི་རྟེན་སྐལ་དུ་སྤྱན་དྲངས་པ། ཕྱིས་གླིང་ཨ་ཡུ་ཤག་རྒྱལ་གྱི་ནང་རྟེན་དུ་བཞུགས་པའི་ཐུབ་ཆེན་ལྕགས་ལུང་མ་གདན་དྲངས། ལས་ཤུགས་བསོད་ནམས་སྟོབས་ཀྱིས་རྒྱལ་ཁྲིམས་གསེར་གྱི་རྙ་ཤིང་། ཆོས་ཁྲིམས་དར་གྱི་མདུད་པ་ཟུང་དུ་འབྲེལ་བས་མཐོ་བ་གཉའ་ནས་ཕབ་སྟེ་ཆུ་བརྒྱ་ཟམ་འོག་ཏུ་བསྡུ། དམའ་བ་མཐའ་ནས་བསྐྱངས་པས་རྒན་མོ་གསེར་ཁུར་གྱི་ལམ་དབང་བའི་སྡེ་དགེའི་ཁྲིམས་རྒན་ལ་ཞེས་དྲོང་ལ་མདའ་དང་འདྲ་བ། བཙན་ལ་ཐོག་དང་འདྲ་བ་འདིའི་སྲོལ་ཐོག་མར་བསྟོད་པས་རྒྱལ་ཁམས་དཀར་འཇམ་ཡུག་གཅིག་ཏུ་མཛད་ནས་རབ་བྱུང་བཅུ་གཅིག་པའི་མེ་ལུག་ལོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་བསྡུས་པ་ཡིན། ལྷ་སྲས་བཞི་པ་དཔོན་ཆེན་ཀརྨ་ནི་ཁྱིམ་པའི་བརྟུལ་ཞུགས་བདག་གིར་བཞེས། ལྷ་སྲས་ལྔ་པ་བླ་མ་ལྷ་སྲུང་ནི་བསྒོམ་བཟླས་ཉིན་མཚན་ཁ་སྦྱོར་མཛད་ནས་རིམ་པ་གཉིས་ལ་དྲོད་ཚད་བརྙེས་པའི་བསྟན་འཛིན་ཆེན་པོར་བྱོན་ནས་བླ་ཆེན་གྱི་ཆོས་སྲིད་གཉིས་ཀར་ཞབས་འདེགས་ཞུས། ལྷ་སྲས་དྲུག་པ་བླ་མ་ཀརྨ་བསམ་འགྲུབ་ནི་དྭགས་བརྒྱུད་བསྟན་པའི་སྒྲོན་མེ་ཆེན་པོར་གྱུར་ཅིང་དབོན་སྟོད་གདན་ས་བཟུང་བ་སྟེ། དེ་ལྟ་བུའི་སྡེ་དགེ་སྟག་མོ་བུ་དྲུག་བྱོན་པ་ཡིན་ནོ།།གོང་གི་གདུང་རབས་སོ་དགུ་པ་ཀླུ་འཕེལ་ནས་ལྷ་ལྕམ་གཉིས་བཞག་པའི་སྔ་མ་ལ་སྲས་གསུམ་འཁྲུངས་པའི་དང་པོ་ཨོ་རྒྱན་བཀྲ་ཤིས་ནི་ཁྱིམ་པའི་ཚུལ་བཟུང་ནས་སྲིད་པའི་ཕྲིན་ལས་ཀྱི་རྒྱུན་བསྐྱངས། གཉིས་པ་བླ་ཆེན་ཀུན་དགའ་ཕུན་ཚོགས་ནི་ཆོས་སྲིད་ཀྱི་ཡོན་ཏན་རྒྱ་མཚོས་མངོན་པར་མཛེས། ༼ ཤིང་གསོ་རིག་དང་བཟོ་རིག་པ་ལ་ལྷག་པར་མཁས་ཤིང་གསང་སྔགས་གསར་རྙིང་གི་ཉམས་བཞེས་མཐར་ཕྱིན་པ་དང་། གར་ཐིག་དབྱངས་རོལ་སོགས་དཀྱིལ་འཁོར་མང་པོའི་ཕྱག་བཞེས་ལ་མཁས་ཤིང་སྡེ་དགེ་བླ་མ་ཞེས་ཀུན་གྱིས་བསྔགས་འོས་གྱུར་པ་དེས་ཕ་སྐྱོང་བླ་མ་དམ་པ་གཤེགས་ནས་ཆོས་ཀྱི་སྲིད་ཀྱི་གཙུག་ལག་ཀུན་ལ་མཁྱེན་པའི་ལང་ཚོ་རྒྱས་ཤིང་བློ་གྲོས་ཕུན་སུམ་ཚོགས་པས་ལོ་ཆ་ཤས༽ ཁྲི་རབས་གཉིས་ལག་རྟགས་ཕྱག་ཏུ་བཞེས་ནས་གོང་མའི་ཕྲིན་ལས་ཀྱི་རྒྱུན་བསྐྱངས་ནས་རྒྱལ་ཁམས་བདེ་བར་བཀོད་ཀྱང་ཕྲིན་ལས་དེ་ཙམ་ལས་མ་བྱུང་། གསུམ་པ་དབོན་པོ་རྒྱ་བོ་ཞེས་པས་དབོན་སྟོད་བཀྲ་ཤིས་ཕོ་བྲང་བདག་གིར་མཛད་ནས་འཇིག་རྟེན་གྱི་ཕྲིན་ལས་འཛིན་པ་ཡིན། གོང་གི་དཔོན་ཆེན་༼ལྷུན་ཐུབ་ཀྱི་སྲས་བཞི་པ་༽ཀརྨ་ལ་སྲས་གསུམ་བྱོན་པའི་དང་པོ། དབོན་པོ་བླ་མ་ཆེ་མཆོག་ལོ་ཤས་སུ་ཁྲི་རབས་གསུམ་པའི་ལག་རྟགས་ཕྱག་ཏུ་བཞེས་པས་མངའ་འབངས་བྱམས་པས་བསྐྱོང་། གཉིས་པ་རྡོར་ལེགས་དམ་ཅན་གྱི་སྤྲུལ་པར་གྲགས་ཤིང་དཔའ་རྩལ་སྟོགས་ཤུགས་འགྲན་མེད་དུ་གྱུར། གསུམ་པ་གཡུལ་རྒྱལ་ནི་དཔའ་རྩལ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་སྲས་ངག་དབང་བཀྲ་ཤིས་ཞེས་མཁྱེན་རབ་འགྲན་ཟླ་བྲལ་བར་བྱོན་པ་ཡིན། ཀླུ་འཕེལ་གྱི་ལྷ་ལྕམ་ཕྱི་མ་ཀམ་བཟའ་ལྷུ་གུར་མར་འཁྲུངས་པའི་སྲས་སྡེ་དགེ་ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པ་ནི། ཨོ་རྒྱན་ཆེན་པོས་ལོ་ཙཱ་བ་ལྕོག་རོ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་དུ་ལུང་བསྟན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་༼འཇམ་མགོན་བཀྲ་ཤིས་དཔལ་ལྡན་༽རྟ་ནག་མཁན་ཆེན་བཟང་པོ་རྒྱལ་མཚན་སོགས་ས་ངོར་ཚར་གསུམ་གྱི་བླ་མ་མང་དུ་བསྟེན། ངོར་ཨེ་ཝཾ་ཆོས་ལྡན་གྱི་གྲ་སར་ཕེབས། ཐུགས་དམ་གྱི་ཉམས་བཞེས་དང་དཀྱིལ་འཁོར་གྱི་ལས་རབ་འབྱམས་ཐུགས་སུ་ཆུད། ལམ་བསླབ་པ་གསུམ་དང་ལུང་སྡེ་སྣོད་གསུམ་གྱི་བང་མཛོད་འཛིན། མཁས་ཤིང་གྲུབ་པའི་དཔལ་ལ་དབང་འབྱོར། ཤིང་ཡོས་ལོར་ཆོས་སྲིད་སྟོབས་ཀྱི་ལས་ལུང་གི་རུ་མཚོན་ཕྱག་ཏུ་བཟུང་ནས་ཁྲི་རབས་བཞི་པའི་གོ་སར་བྱོན། སྔར་བླ་ཆེན་གྱིས་དབང་དུ་བསྡུས་པའི་སྨད་སྒ་རྗེ་དཔལ་འབར་སྤོ་ལུ་ལསེགས་སྡེ་ཕལ་ཆེར་ངོ་ལོག་གི་དཔུང་བ་སླར་ཡང་དྲག་པོའི་སྟོབས་ཀྱིས་བཅག ལྷ་སྲུང་རང་ཤུགས་སུ་འཁོར། དགྲ་མོག་འཆམ་ལ་ཕབ། གཉན་གྱི་དབུ་འཕང་བསྟོད་པའི་ཆོས་སྲིད་ཀྱི་ཕྲིན་ལས་གོང་དུ་འཕེལ། རྫོགས་ཆེན་པདྨ་རིག་འཛིན་སྤྱི་བོས་མཆོད་ནས་རུ་དམ་རྫོགས་ཆེན་དགོན་ཆེན་བཏབ། གྲུབ་དབང་ཀུན་བཟང་ཤེས་དབུ་བླར་བསྟེན་ནས་དཔལ་ཡུལ་རྣམ་རྒྱལ་གླིང་ཆག་བཏབ། སྔར་ཁུ་བོ་ཀུན་དགའ་ཕུན་ཚོགས་དུས་བདུད་འདུལ་རྡོ་རྗེ་དང་རྟེན་འབྲེལ་ལོག་པ་ལ་ཐུགས་འགྱོད་དང་བཅས་གདན་འདྲེན་ལང་མང་ཞུས་པས་བྱོན་མ་ཐུབ་ཀྱང་བཀའ་ལས་དབྲ་ས་གཏེར་སྟོན་བྱང་ཆུབ་རྒྱལ་མཚན་གདན་དྲངས་ལ་བསྙེན་བཀུར་གྱིས་དང་རང་དང་ཁྱད་མེད་པར་གསུངས་པ་བཞིན། རིག་འཛིན་ཀློང་གསལ་སྙིང་པོ་སྤྱན་དྲངས་ནས་མཆོད་གནས་མཛད། ཤེས་དཀར་ནས་ཕྱག་རྟགས་སྡིག་ཐམ་དམར་པོ་གཏེར་བླངས་ནས་ཕྱག་ཏུ་ཕུལ། སྡིག་སྤྲུལ་གཏེར་བྱོན་ཞེས་བྱིན་རླབས་ཆེ་བའི་ཚད་བཞག ཀཿཐོག་བསྟན་པའི་ཞིག་གསོས་མཛད་ནས་ཀློང་གསལ་སྙིང་པོའི་བསྟན་པའི་བདག་པོར་བསྐོས། རིག་འཛིན་ཉི་མ་གྲགས་པ་དང་མཆོད་ཡོན་འབྲེལ་བས་ནག་ཕྱོགས་ལྷ་འདྲེའི་བླ་རྡོ་སྒོ་ཞབས་སུ་མནན་པའི་འཛིང་སྟག་མོ་དགོན་ཆག་བཏབ། ལྷུན་གྲུབ་སྟེང་འདིར་ངོར་ལུགས་དཀྱིལ་འཁོར་བདུན་དང་། དབུས་བྱོན་སྐབས་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱིས་སྐུ་སྐེད་ནས་མགུལ་ཕུར་བཏོན་ནས་ཁྲི་ཆེན་འདི་ལ་གནང་བའི་རྟེན་འབྲེལ་གྱིས་ས་ལུགས་ཕུར་པའི་སྒྲུབ་པ་གར་འཆམ་དང་བཅས་པ་བཙུགས། གཞན་གྱི་དཔེ་ཟླར་བཞག་པའི་སྡེ་དགེ་རྣམ་རྒྱལ་གྲྭ་ཚང་གི་སྲོལ་བཏོད། བརྒྱད་སྟོང་༼་་་་་་་མི་གསལ་་༽སྤར་གསར་དུ་གསར་དུ་བསྐོས་ནས་ཆོས་མཛོད་འཛམ་གླིང་རྒྱན་གཅིག་གི་ཐོག་མའི་རྟེན་འབྲེལ་གྱི་དབུ་བཟུང་བས་མཚོན་ཆོས་སྲིད་ཀྱི་ཕྲིན་ལས་བོད་ཆེན་པོའི་ས་སྟེང་ཡོངས་ལ་ཁྱབ། དགུངས་གྲངས་དོན་གཉིས་སྟེང་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་པ་ཡིན། གདུང་རབས་བཞི་བཅུ་པ་ཨུ་རྒྱན་བཀྲ་ཤིས་ལ་སྲས་བཞི་ཡོད་པའི་དང་པོ་ཁྲི་ཆེན་བླ་མ་བསོད་ནམས་ཕུན་ཚོགས་ནི། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་སོགས་གསར་རྙིང་གི་བླ་མ་མང་དུ་བསྟེན། སྡོམ་པ་གསུམ་གྱི་ཉམས་བཞེས་ལ་གནད་དུ་བསྣུན་གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཡོངས་སུ་གཏམས། གསོ་རིག་སྨན་གྱི་སྦྱིན་པ་ཁོ་ནས་ཀྱང་འབྲེལ་ཚད་དོན་ལྡན་དུ་མཛད། ཁྲི་རབས་ལྔ་པའི་ལས་ལུང་གི་རྒྱལ་མཚན་ཕྱག་ཏུ་འཛིན། མཐོང་གྲོལ་ལྷ་གསར་ཁང་གི་གཙོ་ཁང་རྣམས་གསར་དུ་བཞེངས་ནས་གོང་མའི་ཕྲིན་ལས་ཀྱི་མཇུག་སྐྱོང་། སོག་པོ་ལྷ་བཟང་ནས་ཁོ་རང་གི་བུ་རྒྱལ་བ་དྲུག་པའི་སྤྲུལ་སྐུ་ཡིན་ཟེར་ནས་མཚན་ཡེ་ཤེས་རྒྱ་མཚོ་བཏགས་ཏེ་ཁྲི་འདོན་ཚར་སྐབས། རྒྱལ་དབང་བདུན་སྐལ་བཟང་རྒྱ་མཚོ་ལི་ཐང་དུ་སྐུ་འཁྲུངས་པ་ཐོས་པས་ལྷ་བཟང་གིས་ཡུར་རྐེ་ཇུ་ནང་དམག་བཅས་བཏང་ནས་རྒྱལ་དབང་བཀྲོང་རྒྱུའི་ལོག་སྦྱོར་ཤོམ་སྐབས་རྒྱལ་བ་དཔོན་གཡོག་གི་སྐུ་སྲོག་གི་རྫིའུ་མཛད། ལེ་ཐང་ནས་གདན་དྲངས་ཏེ་རྫོང་གསར་དུ་ཟླ་ཤས་བཞུགས་ནས་སླར་དབུས་སུ་ཕེབས་པའི་གཞུང་ས་ཆེན་པོའི་ཆོས་ཁྲིར་མངའ་གསོལ་བའི་ཞབས་འདེགས་སྒྲུབ། གཞུང་ས་ཆེན་པོ་དང་མཆོད་ཡོན་གསེར་གྱི་ཟམ་པའི་མགོ་ཚུགས་ནས་དབུས་གཙང་ཁམས་གསུམ་གྱི་སྡེ་དགེའི་མི་སེར་འཐོར་པོ་རྣམས་རང་དབང་དུ་སྦྱོར་ཆོག་པ་དང་། བྱས་པ་དྲིན་ཆེ་བའི་བསྟོད་བསྔགས་བཅས་གཏན་ཚིགས་ཤེལ་བམ་ཆེན་པོས་དབང་བསྐུར། རྒྱལ་སྲིད་ཆོས་བཞིན་སྐྱོང་ནས་རབ་ཉི་ཤིང་རྟ་ལོར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཡིན། ལྷ་སྲས་གཉིས་པ་དབང་ཆེན་མགོན་པོ་སྲིད་འབྱོར་གྱི་དཔལ་ལ་མངོན་པར་བཞུགས། ལྷ་སྲས་གསུམ་པ་བླ་མ་སངས་རྒྱས་དཔལ་བཟང་ནི་མཁས་བཙུན་གྲུབ་པའི་དཔལ་གྱི་མཐོ་ཞིང་ཨེ་ཝཾ་བསྟན་པའི་རྒྱལ་མཚན་འཛིན། ལྷ་སྲས་བཞི་པ་བླ་མ་ཀུན་དགའ་རབ་བརྟན་ནི་མདོ་སྔགས་རིག་གནས་དང་བཅས་པ་ལ་ཕུལ་དུ་ཕྱིན། ལུང་རིག་ཚད་མ་གསུམ་དང་འབྲེལ་བའི་ལེགས་བཤད་ཀྱི་དགའ་སྟོན་འགྱེད་པའི་བསྟན་འཛིན་ཆེན་པོར་བྱོན་པ་ཡིན། གདུང་རབས་ཞེ་གཅིག་པ་དབང་ཆེན་མགོན་པོ་ལ་སྲས་གཉིས་ཡོད་པ་ལས་སྔ་མ་མགོན་པོ་ཚེ་རིང་ནི་སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ཁྲི་འཛིན་དགོས་པ་ཡིན་ཀྱང་དགུང་གྲངས་ནར་མ་སོན་པའི་དུས་བསོད་ནམས་ཀྱི་མ་དབང་། ཕྱི་མ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བཞེས་པ་ལ་སྤྱོད་པའི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་གདུང་རབས་ཞེ་གཉིས་པ་མི་དབང་བསྟན་པ་ཚེ་རིང་ནི། རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་མཚན་དཔེའི་དཀྱིལ་འཁོར་ཐོག་མར་ཤར། འཇམ་དཔལ་རྩ་རྒྱུད་ལས། ཆུ་བོ་གསེར་ལྡན་ཞེས་པ་རུ། །རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་། །ཞེས་དང་། མཆོག་གྱུར་གླིང་པའི་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། རྒྱལ་པོ་བྱིས་པའི་མིང་ཅན་བློ་གྲོས་ཅན༔ རྒྱལ་བའི་བསྟན་ལ་བྱ་བབྱེད་པ་འབྱུང་༔ ཞེས་གཉན་འདོང་གི་གནས་བསྟན་པའི་ནང་གསུངས་ས་དང་མཚན་གྱི་བླ་དྭགས་སུ་བུ་ལགས་ཞེས་པའི་མཚན་ཕྱིས་སུ་མངའ་ཞིང་སྡེ་དགེ་སྐུ་ངོ་རྣམས་ལ་བུ་ཞེས་ཞེ་སའི་ཚིག་བརྗོད་པའི་གནད་ཀྱང་དེ་ཡིན། ལུང་དོན་འབྲེལ་ཆགས་ཤིང་སངས་རྒྱས་ཀྱིས་ལུང་བསྟན་པའི་ལས་དབང་ཅན་གྱི་རྒྱལ་པོ་ཡིན། འདི་ཡན་ཆད་སྡེ་དགེའི་གསེར་ཁྲི་རྣམས་བླ་མས་འཛིན་པ་ལས་ཁྱིམ་པས་འཛིན་པའི་སྲོལ་མེད་ཀྱང་། འདི་ནི་ས་གནས་ཀྱི་སེམས་དཔའ་ཆེན་པོ་དང་དབྱེར་མ་མཆིས་པས། སྐུ་ཆུང་དུས་ནས་གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གཏམ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ངོར་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། གནས་པར་ངག་དབང་ཀུན་དགའ་ལེགས་པ། གཏེར་ཆེན་ཉི་མ་གྲགས་པ། དཔལ་རི་སྤྲུལ་སྐུ་ཀུན་བཟང་འོད་ཟེར། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སོགས་རིས་མེད་པའི་བླ་མ་མང་དུ་བསྟེན། འདིར་སྣང་འཁོར་བའི་གཡེངས་བས་མ་བསླུས་པར་ཉིན་མཚན་ཆ་དྲུག་བགོས་པའི་ཆ་གཉིས་སུ་འཇིག་རྟེན་གྱི་བྱ་བ་སྒྲུབ། ཆ་བཞིར་རྒྱུན་གྱི་ཉམས་བཞེས་གཏོར་མ་བརྒྱ་རྩ། ལམ་འདུས། མཁའ་སྤྱོད། ཐུགས་ཆེན། སྒྲོལ་དཀར། བྲག་རྫོང་མ། ཉི་གྲགས་དྲག་ཁྲོས། གཏོར་བསྔོས་བཅས་ཆགས་མེད། མཚམས་སུ་ཉིན་རེར། མཚན་བརྗོད་ཚར་བདུན་རེ། གང་བློ་ ༢༡ སྒྲོལ་མ་ཚར་ ༢༡ ཤེར་སྙིང་ཚར་རེ་ ༩ གཟུངས་སྔགས་དང་། སྨོན་ལམ་བཅས། བསྙེན་སྒྲུབ་ལྟར་མཛད་པས་ཡི་དམ་རིགས་མི་གཅགི་པའི་བསྙེན་པ་གྲངས་མང་པོ་ཆགས་མེད་མཛད་པས་བྱེ་བ་མང་པོ་བསགས་ཤིང་། དམིགས་བསལ་ལྗགས་ཐོག་ནས་མ་ཎི་དུང་གཅིག། འཇིགས་བྱེད་ཡིག་བཅུ་དུང་གཅིག མགོན་པོའི་ཡིག་བདུན་དུང་གཅིག སེང་གདོང་ཨ་ཀ་མ་དུང་གཅིག སེང་གདོང་ཨ་ཀ་མ་དུང་གཅིག་བཅས་དུང་ཕྱུར་བཞི་ལྗགས་ཐོག་ནས་གསུངས། དགུང་གྲང་སོ་དྲུག་༼ཆུ་སྦྲུལ་སྨན་༽ཁྲི་རབས་དྲུག་པའི་ལས་ལུང་གསེར་གྱི་འཁོར་ལོ་ལ་དབང་བསྒྱུར། བློ་དཀོན་མཆོག་ལ་གཏད་པས་ལས་འབྲས་ལ་ཕུག་བཅོལ་གྲོགས་ཆོས་སྲུང་དང་འགྲོགས་པས་ཕྲིན་ལས་གང་བརྩམ་འགྲུབ། གཞན་ཕན་ཐུགས་ལ་བཟུང་བས་མངའ་འབངས་བདེ་བར་གནས། དྲག་པོའི་གཡུལ་ངོ་མ་གཤམ་ཀྱང་བྱང་རྫ་རྒྱུད་དཔོན་འགོ་སོ་བདུན། ལྷོ་སྡེ་ཕྱི་འབྲོག་ཁག་ལྔ་ཚང་མ། གད་འབྲོག རྨ་རོང་། ཀ་བཞི་སོགས་ཡུལ་འབྲོག་གི་ལྷ་སྡེ་མང་པོ་ལས་དབང་སྨོན་ལམ་བཙན་པོས་མངའ་ཞབས་སུ་འདུས། སོག་པོ་ཨོ་རོད་རྒྱལ་པོ་འཇམ་དབྱངས་གོང་མ་ཆེན་པོ་གཡུང་ཅིང་གི་དཔུང་གིས་གཏོར་ནས་མདོ་ཁམས་སྨད་ཕྱོགས་ཀྱི་སྡེ་དཔོན་རྣམས་ཀྱི་ཞིབས་དཔྱོད་ཙིའུ་ཏ་ལོ་ཡི་ཕེབས་པས་ཆོས་རྒྱལ་འདིའི་རྣམ་དཀར་གྱི་མཛད་པ་ཡི་རང་བའི་ཚུལ་འཇམ་དབྱངས་གོང་མའི་སྙན་དུ་འབུལ་བས། འཇམ་དབྱངས་གོང་མ་ཆེན་པོས་མདོ་སྨད་ཐུ་སཱི་བུ་བཞི་བཅུ་ཞེ་དགུའི་གཙོ་བོར་གསན་ཡུ་སིའི་་་་་་་་་༼མི་གསལ།༽གསེར་གྱི་ཐམ་ཁས་དབང་བསྐུར། གསེར་དང་། དངུལ་སྲང་སྟོང་ཕྲག གན་གོས་ཡུག་བརྒྱ་སོགས་སྐྱེས་སུ་བསྐུར། དེར་མ་ཟད་གོང་མའི་བློན་ཆེན་ཙིའུ་ཏ་ལོ་ཡེས་འདམ་སོག་ལ་སྐྱ་བོ་མན་ཆད། ཤར་དར་རྩེ་མདོ་ཡན་ཆད་རང་དབང་བསྒྱུར་ཆོག་པའི་ལུང་གནང་ཡང་རང་སྡེ་ལ་ཆོག་ཤེས་པས་བདག་འཛིན་མ་མཛད། ཧོར་དམག་ཟུར་དང་གོ་འཇོ་སོགས་ཀྱིས་མཚོ་སྔོན་ཨོ་རོད་རྒྱལ་པོ་རྒྱབ་ཤེད་དུ་བཀུག་ནས་དམག་གི་ཡོ་ལོང་ཤམས་ཀྱང་བསོད་ནམས་ཀྱི་སྟོབས། ལྷ་སྲུང་གི་མཐུ། ཆོས་བློན་གྱི་འཕྲུལ། དམག་དཔུང་གི་དཔའ་གཟི་བརྗིད་ཀྱི་ཟིལ་སོགས་ཀྱི་རྒོལ་མ་ནུས་པར་རང་ཞི་ལ་སོང་། སྐུ་ཚེ་དེར་བསྟན་དོན་གྱི་མཛད་པ་མ་གཏོགས་གཞན་མེད་པས་ངོར་ཨེ་ཝཾ་ཆོས་ལྡན་དུ་གླིང་པ་ཁང་ཚན་གསར་དུ་བཞེངས། ཤར་དཔལ་སྤྲུལ་ཐུབ་བསྟན་ཆོས་འཁོར་གླིང་གཙོས་པའི་འདི་གའི་མངའ་ཁུལ་དུ་ཡེ་༼ན༽ལྕགས་༼ར༽དུ་༼མདོ་༽གསུམ། སྤོམ་༼༽དགའ་༼ལེན་༽འཛོམ་༼ཐོག་༽གསུམ། དྲན་༼ཐང་༽རྣམ་༼རྒྱལ་༽མཁར་༼མདོ་༽གསུམ་སོགས་རིས་མེད་པའི་དགོན་སྡེ་བཅུ་གཉིས་གསར་དུ་བཏབ། ལྷ་ཁང་བཅུ་བདུན་རྟེན་དང་བརྟེན་པར་བཅས་གསར་དུ་བཞེངས། གསེར་ཟངས་དང་ཙན་དན་དཀར་དམར་ལས་གྲུབ་པའི་སྐུ་རྟེན་ཁོ་ན་སུམ་སྟོང་བཞི་བརྒྱ་བཞི་བཅུ་སྐོར་བཞེངས། ལྷུན་གྲུབ་སྟེང་དུ་དུས་འཁོར་༼བུ་སྟོན་ལུགས༽སྒྲུབ་མཆོད་གཙོས་མངའ་ཁུལ་དགོན་སྡེ་རྣམས་སུ་མཆོད་སྒྲུབ་ཀྱི་ཐེབ་རྩ་མ་བཞག་ས་གཅིག་ཀྱང་མེད། འབངས་ཀྱི་ཁྲལ་འབབས་ཀྱི་དངོས་པོ་རྣམས་བསོད་ནམས་ཀྱི་ཚོགས་སུ་སྨིན་པ་ཁོ་ན་མཛད། གསེར་ཞུན་མས་བྲིས་པའི་བཀའ་འགྱུར། དངུལ་རྐྱང་པས་བྲིས་པའི་བསྟན་འགྱུར་སོགས་གསུང་རྟེན་མང་པོ་བཞེངས། ཁྱད་པར་དགུང་གྲངས་བཅུ་གཉིས་རབ་བྱུང་གཉིས་པའི་ས་བྱ་མོར་དབུ་བཟུང་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ས་སྐྱ་བཀའ་འབུམ། འདོན་ཆ། ཆོས་འབྱུང་མང་པོའི་སྤར་གསར་བསྐོས་ཀྱི་ཐུགས་བསྐྱེད་གཞན་གྱི་དྲན་མ་ཕོད་པ་དེ་དག་ལོ་ལྔ་ཁོང་དུ་༼ཆུ་གླང་ལོ་༽གྲུབ་པར་མཛད། དགུང་གྲངས་དྲུག་ཅུ་དུ་་་་་་་་་་་་་་་་༼མི་གསལ་༽རབ་ཉི་མེ་སྦྲུལ་ལོར་བསྟན་འགྱུར་རིན་པོ་ཆེའི་སྤར་གྱི་དབུ་བཟུང་ནས་པོད་ཉི་ཤུ་སྐོར་བཞེངས་པ་སོགས་མདོར་ན་བཀའ་བསྟན་གཞུང་རིགས་སྐོར་པོ་ཏི་ཉིས་བརྒྱ་ཙམ་སྤར་དུ་བཀོད་ནས། རྣམ་དཀར་ཐེབ་རྩ། ཆོས་ཡོན་གཏོང་ལེན། བྱང་རོང་བསྡུ་འབབས་བཅས་ཀྱི་མ་དེབ་གསར་བཀོད་གནང་ནས་སྤར་ཁང་ཆོས་མཛོད་ཆེན་པོའི་སྒོ་ཆེན་ཕྱེས། བསྟན་འགྱུར་རིན་པོ་ཆེའི་སྤར་གྲུབ་མཚམས་ཆོས་ཡོན་དང་འབབ་སྒོ་ཐམས་ཅད་ཀྱིས་ལྷ་ཁང་བརྒྱ་དང་བརྒྱད་བཞེངས་རྒྱུའི་དམ་བཅའ་གནང་བ་སོགས། ཆོས་རྒྱལ་བསྟན་པ་ཚེ་རིང་ཞེས་མཚན་སྙན་འཛམ་བུའི་གླིང་དུ་ཁྱབ། དགུང་གྲངས་རེ་གཅིག་རབ་ཉི་ས་རྟ་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་པ་ཡིན་ནོ།། མི་དབང་ཆེན་པོ་དེ་ལ་ལྷ་རིགས་སྤྲུལ་པའི་སྲས་གསུམ་ཡོད་པའི་དང་པོ་མི་བདག་བསོད་ནམས་མགོན་པོ་ནི་སྲིད་ཀྱི་ལོངས་སྤྱོད་ལ་དབང་བསྒྱུར་བས། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོང་མཆོང་གསུམ། བང་རྐྱལ་ཤེད་གསུམ་སོགས་ཕོ་རྩལ་སྣ་དགུའི་རྩེ་མོར་སོན། ཆོས་སྲིད་ཀྱི་བསྟན་པ་ལ་ཞབས་འདེགས་ཞུས་ནས་ཡབ་མེས་ཀྱི་བཞེད་པ་སྐོང་། དབོན་སྟོད་བཀྲ་ཤིས་ཕོ་བྲང་གདན་འཇག་གནང་ཡང་ཡུན་མ་རིང་པར་གཤེགས། ལྷ་སྲས་གཉིས་པ་བླ་ཆེན་ཕུན་ཚོགས་བསྟན་པ་ཀུན་དགའ་ཕྲིན་ལས་རྒྱ་མཚོ་ནི་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། མཁན་དཔལ་ལྡན་ཆོས་སྐྱོང་སོགས་གསར་རྙིང་གི་བླ་མ་མང་དུ་བསྟེན། ངོར་ཨེ་ཝཾ་ཆོས་གྲར་གྲྭ་སར་ཕེབས། སྡོམ་པ་གསུམ་གྱི་ཉམས་བཞེས། རིམ་པ་གཉིས་ཀྱི་ཏིང་འཛིན། འཁོར་ལོ་གསུམ་གྱི་མཛད་པ་དང་མ་བྲལ་བར་གསེར་ཁྲིའི་གདན་རབས་བདུན་པའི་ལས་ལུང་གི་རྒྱལ་མཚན་ཕྱག་ཏུ་འཛིན། འཕྲལ་གྱི་བློ་རྒྱ། སྙིང་ཤེད་གསུང་བརྗོད། སྒྱུ་རྩལ་མཐའ་དག་ལ་ཆོས་བློན་རིག་ཅན་སླར་བྱོན་པ་ལྟ་བུ་ཡིན་ཞེས་ཀུན་ནས་བསྔགས་པའི་ཡུལ་དུ་གྱུར། དཔུང་ཤུགས་ཀྱིས་འདན་མའི་ཡུལ་གྲུ་དབང་དུ་བསྡུས་ནས་ཆོས་སྡེ་ཕོ་བྲང་བཏབ། ཧོར་ཆེན་གྱི་བརྒྱུད་པ་ནང་འཁྲུག་བྱུང་བའི་མགོ་བླངས་ནས་རྫ་ཁྲོ་ཚང་ཕོ་བྲང་བཏབ། དེར་མ་ཟད་ཁྲམ་ཐར་ཤོག་ཆེན་ལྔ་གཙོས་པའི་ཡུལ་འབྲོག་གི་ཚོ་བྲན་མང་པོ་བཙན་པོའི་དཔུང། འཇམ་པོའི་ངག གཡོ་སྟོབས་ཀྱི་འཕྲུལ་སྣ་ཚོགས་པས་མངའ་ཞབས་སུ་བསྡུས། ཆོས་སྲིད་གཉིས་ཀའི་དབུ་འཕང་དགུང་དུ་འཕགས་པས་བཙན་པོའི་གཉའ་བ་མནན། དམན་པ་བྱམས་པས་བསྐྱངས། དགྲ་སྲིན་པོ་ཡིན་ཀྱང་གོང་དུ་མི་བཏང་། གཉེན་ཆུ་འབབ་ཡིན་ཀྱང་མཐུར་ལ་མི་མངགས་པའི་ལས་ཤུགས་བཙན་པོས་རྒྱལ་ཁམས་བདེ་བར་བསྐྱངས། གོང་མའི་བློན་ཆེན་ཏྭ་ཞིང་ཆེན་པོས་གུས་འདུད་དང་བཅས་གཟེངས་བསྟོད་གནང་། གཞུང་པ་ཝང་དཱ་ལའི་བ་ཐུར་གྱིས་གཙང་མདའ་དཔོན་ལྕང་ལོ་ཅན་ལ་བཀའ་བཀྱོན་གནང་བའི་དུས་མགོ་བླངས་པས་བློ་ཤེད་ཆེ་བའི་གྲགས་པས་ཁྱབ། ཡབ་རྗེ་བསྟན་པ་ཚེ་རིང་གི་བཞེད་དོན་གྱི་མཇུག་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེ་གཙོས་པའི་གཞུང་འགྲེལ། རིག་གནས་སྣ་ཚོགས་པའི་པོད་ཉིས་བརྒྱ་ཉེར་ལྔ་ཙམ་སྤར་དུ་བཀོད། རབ་ཉི་ཤིང་བྱི་ལོར་གསུང་རབ་རིན་པོ་ཆེ་གྲུབ་པ་དང་སྤར་ཁང་ཆོས་མཛོད་བཀྲ་ཤིས་སྒོ་མང་གི་གཙུག་ལག་ཁང་གསར་དུ་བཞེངས་ནས་བོད་གངས་ཅན་གྱི་ལྗོངས་སུ་སྡེ་དགེ་སྤར་ཁང་ཆོས་མཛོད་ཆེན་པོ་ཞེས་མཚན་སྙན་ཡོངས་སུ་ཁྱབ་པའི་འཛམ་གླིང་ཆོས་ཀྱི་འབྱུང་གནས་འདི་ཉིད་ཀྱི་ཕྲིན་ལས་དར་རྒྱས་སུ་མཛད་པ་ཡིན།
ལྷ་སྲས་གསུམ་པ་གདུང་རབས་ཞེ་གསུམ་པ་ས་སྐྱོང་བླ་མ་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་ནི་རབ་ཉི་ཆུ་ཡོས་ལོར་སྐུ་འཁྲུངས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་སྤྲུལ་པར་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་ལུང་ལས་གསལ་བར་བསྟན། ས་སྐྱ་པ་འཇམ་མགོན་བློ་གྲོས་སྐུ་མཆེད། ཐར་རྩེ་མཁན་ཆེན་ནམ་མཁའ་བསམ་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཤར་ཆེན་མི་འགྱུར་རྒྱལ་མཚན། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། ཀུན་མཁྱེན་བསྟན་པའི་ཉིན་བྱེད། རྫོགས་ཆེན་གཉིས་པ། དྲི་མེད་ཞིང་སྐྱོང་། ཉི་མ་གྲགས་པ་གཙུག་གི་རིགས་བདག་ཏུ་བསྟེན། བསྐྱེད་རྫོགས་ལ་རྩེ་གཅིག་ཏུ་གཞོལ་ནས་ཡིག་དྲུག་དུང་ཕྱུར་ཞལ་ནས་གསུངས། རྒྱུན་གྱི་ཐུགས་དམ་རིགས་ལ་ཆག་མེད་མཛད། སངས་རྒྱས་ཀྱི་བསྟན་པ་ཉག་ཅིག་ཐུགས་ལ་བཟུང་ནས་རྡོ་རྗེ་སློབ་དཔོན་གྱི་གོ་སར་བཞུགས། ཛམ་ཐོག་ཕོ་བྲང་ནོར་བུ་་་་་་་་མི་གསལ༽ འདི་བར་གཟིགས་དགོས། ༽ སྟེང་སོགས་སུ་སྐུ་རྟེན་རིན་པོ་ཆེ་ལས་གྲུབ་པ་སྟོང་ཕྲག་བཞེངས། གསེར་ཞུན་མས་བཀའ་འགྱུར་གསར་བྲིས་མཛད། ཡབ་རྗེས་བཞེངས་པའི་མགོན་ཁང་བདུད་དཔུང་ཟིན་གྱིས་ལས་མཇུག་བསྡུས། རབ་བྱུང་བཅུ་གསུམ་པའི་མེ་ཕག་ལོར་ཡིད་ལྷུང་རྒྱལ་ས་དགོན་ནམ་ལྷ་བྱ་ཞེས་པ་དེ་ཆག་བཏག ཁྲོམ་རྡོ་འཁོར་དགོན། འཛིང་སྟག་མོ་དགོན། རྡོར་བྲག་དགོན། རྫོགས་ཆེན་དགོན་སོགས་ཀྱི་ལྷ་ཁང་གསར་བཞེངས་དང་། དགོན་རྙིང་རྣམས་ལ་ཉམས་གསོས་དང་ཐེབ་རྩ་གང་ཆེ་བཞག གྲུབ་དབང་རྫོགས་ཆེན་པ་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་བཀས་བསྐུལ་ཏེ། ངོ་མཚར་་་་་་གཟིགས་དགོས་ ་་་་་ཤོག་གྲངས་ ༡༥ ཞུ་ཆེན་བཀའ་འབུམ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་སྤར་པོ་ཏི་ལྔ་བཅུ་ཙམ་གསར་བཞེངས་མཛད། ཁྲི་རབས་བརྒྱད་པའི་གོ་སར་ཕེབས་ནས་གོང་མའི་ཕྲིན་ལས་ཀྱི་རྒྱུན་སྐྱོང་། ཧོར་ཁོག་དཔོན་ཁག་ནང་མ་འདུམ་སའི་བར་པ་བྱས་རྐྱེན་མག་ཟུར་ནས་རྒྱ་རོང་ཁྲོ་རབ་རྒྱབ་ཤེད་དུ་བཀུག་ནས་བསྟན་སྲིད་ལ་རྒོལ་ཤམ་དུས་དྲག་པོའི་དཔུང་ཆེན་བཤམས་པས་ཚར་བཅད། གོང་མ་ཆེན་པོའི་ལེགས་སོའི་དབུགས་དབྱུང་དང་གཏོང་རག་གོ་ས་བཟང་པོའི་མཇའ་གསོལ། སྔར་རྫོང་ཁག་བཅོ་བརྒྱད་ཟེར་ཡང་འབྲོག་སྡེ་ཁྲི་ཁྲག་གསུམ་དུ་ལོངས་པ་སོགས་དུས་དེར་རྫོང་ཁག་ཉེར་ལྔའི་བསྟན་ཇུས་ཀྱི་རྩ་བ་ཚུགས། ཕྱི་དགྲ་ལ་བློ་ཤེད་ཆེ་བས་འགྲན་འདོད་འཆམ་ལ་ཕབ། ནང་མི་ལ་ཐུགས་བརྩེས་བཟུང་ནས་མངའ་འབངས་བདེ་ཐབས་སུ་མཛད་བཞིན་པ་ནས་དགུང་གྲངས་ང་གཉིས་ཤིང་རྟ་ལོར་ཞི་བ་དམ་པའི་ཕ་རོལ་དུ་གཤེགས་པ་ཡིན། མི་བདག་བསོད་ནམས་མགོན་པོའི་༼ལ་རྒྱལ་བ་སྐལ་བཟང་རྒྱ་མཚོའི་ལྕམ་སྲིང་ཚེ་རིང་ལགས་བཙུན་མོར་བཞག་པའི་༽གདུང་སྲས་ཆོས་སྐྱོང་མགོན་པོ་ལ་ཀོང་ང་ཕོད་པའི་སྲས་མོ་ལྷ་ལྕམ་དུ་བཞག་ནས་གདུང་རྒྱུད་འཕེལ་དུ་རེ་ཡང་རྒྱལ་ཁབ་ལས་དབང་གི་མ་ཐེག་ནས་བཟའ་བཅའི་སྙིང་པོ་ཛ་གད་ཁོ་ནར་མཛད་པའི་རྐྱེན་གྱིས་མེ་ཕག་ལོར་སྐུ་གཤེགས་ནས་ལྷ་རིགས་སྤྲུལ་པའི་གདུང་རྒྱུད་ཉག་ཕྲ་བར་གྱུར་པའི་སྐབས་ས་སྐྱོང་བླ་མ་དམ་པ་དེ་ཉིད་བདག་ཆེན་བསོད་ནམས་རྡོ་རྗེ་དང་ཀླུ་ལྡིང་མཁན་རིན་པོ་ཆེ་སོགས་ཀྱི་བཀའ་ལུང་ལྟར་ཤིང་བྱ་ལོར་དགུང་གྲངས་ཞེ་གསུམ་ལ་གདུང་སྤེལ་གྱི་གོ་སར་བཞུགས་ནས་རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་ཚ་མོ་བཀྲ་ཤིས་དབང་མོ་བཙུན་མོར་བཞག་པའི་ལྷ་སྲས་དམ་པ་གདུང་རབས་ཞེ་བཞི་པ་དབང་བདེ་དགའ་བཟང་པོ་ཁམས་གསུམ་དབང་སྡུད་ནི་རབ་བྱུང་བཅུ་གསུམ་པའི་ས་བྱི་ལོར་འཁྲུངས། འདི་ཉིད་སྐུ་ན་ཕྲ་བའི་དུས་སུ་བསྟན་པ་ཚེ་རིང་གི་སྲས་མོ་རྗེ་བཙུན་མ་དབྱངས་ཅན་སྒྲོལ་མས་སྲས་ཀྱི་དབུ་འདོན་དང་། ལོ་བཅུ་གསུམ་བར་རྒྱལ་ཚབ་ལས་ཁུར་མཛད་ནས་རྟེན་གསུམ་བཞེངས་པ་དང་། རྫོང་སར་དགོན། སྦྲ་མཐོ་དགོན། འཁོར་མདོ་དགོན། རྫ་རྒྱུད་ནོར་གླིང་དགོན་བཅས་གསར་འདེབས་དང་། ལྷ་སྲུང་སྟེང་སྲིབ་དགོན་ཀུན་རིག་ལྷ་ཁང་གསར་བཞེངས་ལྕང་རར་བཞུགས་སྒར་ཕེབས་ནས་བུམ་སྒྲུབ་གསར་དུ་འཛུག་པ་སོགས་བསྟན་སྲིད་ལ་ཞབས་འདེགས་ཆེ་བར་ཞུས་ཡོད། ས་དབང་དམ་པ་འདི་ནི་ཁྱབ་བདག་ཡར་ལུང་བས་་་་་་་་་་་་་་་གཟིགས་དགོས་༡༦་་་ལྷ་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་འཕྲུལ་དུ་ལུང་བསྟན། སྐུ་འཁྲུངས་མ་ཐག་གུར་མགོན་སི་རི་མ་ལས་འོད་དང་འོད་ཟེར་ངོ་མཚར་བའི་སྒྲ་གྲགས། སྐྱེས་བུ་ཆེན་པོའི་བག་ཆགས་མངོན་དུ་སད་ཀུན་གཟིགས་སི་ཏུ་རིན་པོ་ཆེ་དང་། ཤར་ཆེན་མི་འགྱུར་རྒྱལ་མཚན་སོགས་བླ་མར་བསྟེན། དགུང་གྲངས་ཉེར་གཅིག་སྟེང་ཡུལ་དབུས་དག་པའི་ཞིང་དུ་ཕེབས། ཀུན་མཁྱེན་འཇིགས་མེད་གླིང་པས་སྨིན་གྲོལ་གྱི་གདམས་པ་རྩལ། ཀློག་གྱུར་མཁྱེན་པའི་མངོན་ཤེས་མངའ། ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་མཛད། ས་སྐྱ་རིན་པོ་ཆེ་འཇམ་དབྱངས་དབང་སྡུད་སྙིང་པོ་གཙོ་བོར་གྱུར་པའི་བླ་མ་མང་པོར་བསྟེན། དགུང་གྲངས་བཅུ་དྲུག་དུས་ཁྲི་རབས་དགུ་པའི་གོ་སར་ལས་ལུང་ཕྱག་ཏུ་བཞེས་ནས་ལྷ་ཆོས་དགེ་བ་བཅུ་ལ་ཕུག་གཏད། མི་ཆོས་གཙང་མ་བཅུ་དྲུག་ལ་གཞི་བཅོལ་ནས་རྒྱལ་ཁམས་ཐམས་ཅད་དུ་རི་ཀླུང་གི་རྒྱ་བསྡོམས་ནས་མི་འཇིགས་པའི་སྲོག་སྐྱབས་མཛད། རྙེད་པ་མཆོད་ཐེབས་སུ་སྦྱར་ནས་རྒྱལ་ཁམས་བདེ་བར་བཀོད། གནས་འདིར་ཟངས་གསེར་གྱི་ཚེ་དཔག་མེད་ཐོག་ཚད་དང་། དངུལ་དཀར་གྱི་བཅུ་གཅིག་ཞལ་སོགས་རྟེན་གསུམ་མང་དུ་བཞེངས། སླར་རྒྱལ་བསྟན་གཞི་བཞེངས་སུ་བསླངས་བའི་ཐུགས་འདོན་ཡོད་ཀྱང་སྐྱེ་རྒུའི་བསོད་ནམས་ཀྱིས་མ་ཐེག་པར་དགུང་གྲངས་ཉེར་གསུམ་ལྕགས་ཁྱི་ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་ཡིན། མི་བདག་ཆེན་པོ་དེ་ཡི་བཙུན་པོ་དམ་པ་ལྷ་ལྕམ་ངང་ཚུལ་བྱང་ཆུབ་རྒྱལ་མོའི་རྣམ་འཕྲུལ་ལུང་ཟིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྒ་ཨ་གཉན་དམ་པའི་རིགས་ལས་བྱུང་བ་དཔོན་མོ་ཚེ་དབང་ལྷ་མོ་དེ་ཉིད་ཀྱིས་ཆོས་རྒྱལ་མི་ཡི་ཉི་མ་ནུར་རིར་གཤེགས། ལྷ་སྲས་སྤྲུལ་པའི་ཟླ་བའི་ལང་ཚོ་མ་རྫོགས་བར་རྒྱལ་ཚབ་ཀྱི་གོ་ས་ལོ་བཅོ་ལྔར་བཟུང་ནས་ཀུན་མཁྱེན་འཇིགས་མེད་གླིང་། དགེ་རྩེ་མ་ཧཱ་པཎ་ཆེན། རྡོ་གྲུབ་ཀུན་བཟང་གཞན་ཕན་སོགས་རྩ་བའི་བླ་མར་བཟུང་ནས་རིས་བྲལ་བསྟན་པ་སྤྱི་དང་། ཁྱད་པར་སྔ་འགྱུར་བའི་བསྟན་པ་ལ་ཞབས་འདེགས་ལྷག་པར་ཞུས། བསམ་ཡས་མར་མེའི་རྒྱུན་འཛུགས་རྟེན་འབྲི་སྟོང་ཕྲག་དང་། དངོས་རྫས་མང་པོ་སྦྱོར་འཇགས་གནང་། ཀརྨ་པ་བདུད་འདུལ་རྡོ་རྗེས་སྒྲོལ་མ་བཀྲ་ཤིས་དོན་གྲུབ་ཀྱི་སྤྲུལ་པར་ལུང་བསྟན། གཡུ་འབྲུག་གདོང་གི་ལྷ་ཁང་ཨོ་རྒྱན་རིན་པོ་ཆེའི་སྐུ་སྒྲོས་ལེགས་ངོ་མཚར་ཅན་གསར་བཞེངས་མཛད། རྙིང་མའི་རྒྱུད་འབུམ་རིན་པོ་ཆེས་གཙོས་སྙིང་ཐིག་ཡ་བཞི། འཇིགས་མེད་མཁྱེན་བརྩེའི་གསུང་པོད་དགུ། ངོར་ཆེན་བཀའ་འབུམ། ངོར་དཀོན་མཆོག་ལྷུན་གྲུབ་བཀའ་འབུམ་སོགས་གསར་རྙིང་མང་པོའི་གསུང་འབུམ་རྣམས་ངོ་མཚར་འཕྲུལ་ཆེན་སྤར་གྱི་སྒོ་ཕྱེས། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། ཆོས་སྲིད་ཀྱི་དྲང་ཐིག་ཕྱག་ཏུ་བཟུང་ནས། བདུད་རིགས་སྙིང་ལ་ཞུགས་པའི་བློན་ཆེན་མཁར་ནང་པ་སོགས་ཀྱི་སེམས་ལ་མ་བབ་པས་བསམ་སྦྱོར་ལོག་པའི་བྲག་རི་དྲག་པོའི་ཐོག་གིས་གཞི་མེད་དུ་གཏོར་ནས་རྒྱལ་ཁབ་བདེ་བ་བཀོད་པ་སོགས་ཆོས་སྲིད་ལ་བཀའ་དྲིན་ཆེ་བར་བྱུང་བ་ཡིན། དེ་ལ་གདུང་སྲས་རིན་པོ་ཆེ་གདུང་རབས་ཞེ་ལྔ་པ་མི་བདག་ཚེ་དབང་རྡོ་རྗེ་རིག་འཛིན་ནི། རབ་བྱུང་བཅུ་གསུམ་པའི་མེ་སྟག་ལོར་སྐ་འཁྲུངས། སྐྱེ་བ་དུ་མ་མ་དགེ་བ་ལ་གོམ་པའི་བག་ཆགས་མངོན་དུ་སད། དགུང་ལོ་བརྒྱད་ཀྱི་སྟེང་ལྗགས་བརྩམ་ཕྱག་བྲིས་གནང་ནས་ཀུན་མཁྱེན་འཇིགས་གླིང་མདུན་གཟིགས་ཕུལ་བས་ཐུགས་དགྱེས་པའི་དབུགས་དབྱུང་རྩལ། ཁྱད་པར་ཡར་ལུང་པ། ཐར་རྩེ་བྱམས་པ་ནམ་མཁའ་འཆི་མེད་ཁུ་དབོན་སོགས་བླ་མ་མང་པོ་བསྟེན། སྣང་གསུམ་རྒྱུད་གསུམ་སོས་གསང་ཆེན་སློབ་བཤད་ཀྱི་གསེར་ཆོས་ལ་ཐུགས་ཉམས་བཞེས། ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན། བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པ་རྒྱས་པས་ཀྱེ་རྡོར་ཁྲིད་ཡིག་དང་། རྒྱལ་རབས་ནོར་བུའི་ཕྲེང་བ་སོགས་ལེགས་བཤད་མང་པོ་བརྩམས། ཆོས་སྐྱོང་བྲན་དུ་ཁོ་བས་གང་འདོད་ཕྲིན་ལས་སྒྲུབ་པའི་ནུས་རྟགས་མངོན་དུ་བརྙེས། དགུང་གྲངས་ཉེར་གཅིག་ནས་ཁྲི་རབས་བཅུ་པའི་ལས་ལུང་གི་རྒྱལ་མཚན་ཕྱག་ཏུ་བཟུང་བས་གཞན་སྡེ་ཟིལ་གྱིས་གནོན། རང་སྡེ་འཇམ་པོས་སྐྱོང་། དགེ་བཅུའི་བཅའ་ཁྲིམས་བསྡོམས་ནས་རྒྱལ་ཁམས་བདེ་བ་ལ་བཀོད། དགུང་གྲངས་སོ་གཉིས་དུས་དབུས་གཙང་དུ་བྱོན་ནས་རྟེན་གསུམ་དང་དགེ་འདུན་ལ་བསྙེན་བཀུར་ཞུས། མངའ་ཁུར་དགོན་སྡེ་མང་པོར་ཞིག་གསོས་མཛད། དགུང་གྲངས་ཞེ་གཅིག་པར་རབ་ཏུ་བྱུང་ནས་སྡེ་དགེ་བླ་མ་ཀུན་དགའ་རྒྱལ་མཚན་ཞེས་མཚན་སྙན་གྱིས་ཁྱབ་སྟེ་ཕྲིན་ལས་མཐར་ཕྱིན་པ་ཡིན། དེ་ལ་ལང་གྲོ་ལོ་ཙཱའི་གདུང་རིགས་གཙང་རྟ་ནག་སྲས་མོ་ངག་དབང་ཀུན་དགའ་དབང་མོ་ཞེས་ཟངས་གསེར་ཚེ་དཔག་མེད་ལྷ་ཆེན་གཙོས་པའི་རྟེན་གསུམ་མང་དུ་བཞེངས་པའི་བཙུན་མོ་དམ་པ་དེ་ཉིད་ཁབ་ཏུ་བཞེས་པ་ལས་སྲས་གསུམ་ཡོད་པ་ལས། དང་པོ་གདུང་རབས་ཞེ་དྲུག་པ་ཆོས་རྒྱལ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ལོར་སྐུ་འཁྲུངས། ཆུང་ནས་བྱང་ཆུབ་སེམས་དཔའི་བག་ཆགས་སད་ནས་ཐུགས་རྒྱུད་དགེ་བ་ལ་གཞོལ། ཐར་རྩེ་རྡོ་རྗེ་འཆང་སོགས་གསར་རྙིང་གི་བླ་མ་མང་དུ་བསྟེན། བློ་གྲོས་ཀྱི་ཤེས་རྒྱ་ཆེ་ཞིང་རང་བཞིན་བཟང་། ཁྲི་རབས་བཅུ་གཅིག་པའི་ལས་ལུང་བདག་གིར་བཞེས་པས་རྒྱལ་ཁམས་ཤུགས་ཀྱིས་བདེ། དུས་རྒྱུན་པར་ཐུན་དང་ཐུན་མཚམས་ཀྱི་དབྱེ་བར་མེད་པར་ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་ལ་བརྩོན། ཕྱག་གཉིས་ཀས་འཁོར་ལོ་རེ་བསྐོར་ནས་ཞལ་ཐུན་ཉག་ཅིག་གསུངས་པ་ལས་རྣམ་གཡེངས་གཏན་ནས་མི་མཛད། རྒྱལ་ཁབ་ཀྱི་ལས་དོན་རིགས་སྙན་འབུལ་ཞུ་དུས། རྒྱལ་ཁབ་ཀྱི་ལས་སྒོ་ནི་འཇིག་རྟེན་བདེ་ཐབས་དང་། སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་ཏབས་དེ་གཉིས་ལས་མེད། དེ་ལ་བློ་བཞག་ནས་ཁྱེད་རང་བློན་པོ་རྣམས་ནས་ཉེས་ཆེན་ལ་ཆད་སྦྱར། སྡིག་ཆེན་ལ་ལམ་སྟོན་གང་དགོས་རང་འདོད་མེད་གྱིས། རང་གི་དགེ་སྦྱོར་ལ་བར་ཆད་མ་བྱེད་གསུང་ནས་འདིར་སྣང་ཆོས་བརྒྱད་ཀྱི་རེ་བ་མི་མཛད། ཡུལ་དབུས་སུ་ཕེབས་ནས་མཆོད་འབུལ་གཏང་སྒོ་སོགས་ཀྱི་ཟང་ཟིང་གི་དངོས་པོ་ཆོས་ཕྱོགས་སུ་བཏང་། མངའ་ཁུར་འདིར་ཡང་བསྟན་པ་ལ་ཞིག་གསོས་དང་ཐེབ་རྩ་གསར་བཞག་མང་དུ་མཛད། སྙིང་ནས་ཆོས་ལ་གཏད་པས་ཆོས་ལྡན་གྱི་རྒྱལ་པོ་མིང་དོན་མཚུངས་པ་ཅན་བྱོན། ལྷ་སྲས་གཉིས་པ་བླ་མ་ཚེ་དབང་ཕུན་ཚོགས་བསྟན་སྐྱོང་དང་། ལྷ་སྲས་གསུམ་པ་བླ་མ་ཚེ་དབང་རྡོ་རྗེ་འདི་གཉསི་ཀས་བསླབ་པ་གསུམ་གྱི་མཛོད་འཛིན་ཞིང་བསྐྱེད་རྫོགས་ལ་བརྟན་པ་ཐོབ་ནས་དཔལ་ལྡན་ཨེ་ཝཾ་པའི་བསྟན་འཛིན་ཆེན་པོར་བྱོན་པ་ཡིན་ནོ། །
དེ་ལ་ཆོས་ལྡན་གྱི་རྒྱལ་པོ་ལྕགས་ལ་མིང་ཆེན་རྒྱལ་པོའི་སྲས་མོ་དམ་པ་ཆོས་དབྱིངས་བཟང་མོ་ཞེས་བསྟན་པ་ལ་ཞབས་འདེབས་ཕུལ་དུ་བྱུང་བ་ཅན་དེ་ཉིད་རྒྱལ་ཁབ་ཏུ་བཙུན་མོར་བསུས་པ་ལས། གདུང་སྲས་རིན་པོ་ཆེ་གཉིས་ཡོད་པའི་ལྷ་སྲས་ཆེ་བ་གདུང་རབས་ཞེ་བདུན་པ་མི་དབང་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་ནི། རབ་བྱུང་བཅུ་བཞི་པ་ལྕགས་ཕག་ལོར་འཁྲུངས། ཨོ་རྒྱན་ཆེན་པོས་གཏེར་ལུང་མང་པོར་ཆོས་རྒྱལ་མུ་ཏིག་བཙད་པོ་ས་ན་་་་་་མི་གསལ་་་་ལེགས་ཀྱི་སྤྲུལ་པར་ལུང་བསྟན་པ་དང་།ཁྱད་པར་དུ་མཆོག་གླིང་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། མུ་ཏིག་སྤྲུལ་པ་དཔལ་གྱི་མིང་ཅན་འབྱུང་༔ དེ་དུས་དཀར་ཆགས་འདི་ཡང་ས་སྟེང་འབྱུང་༔ གསུངས་པ་ལྟར། མཆོག་གྱུར་བདེ་ཆེན་གླིང་པའི་རྩ་བའི་ཆོས་བདག་ཏུ་གྱུར། ༼སེང་བྲག་ནས་ལྷ་སྲས་ཀྱི་སྐུ་ཆས་གཏེར་བཞེས་ནས་ཕུལ་༽ས་སྐྱ་གོང་མ་ཕྱོགས་ཀྱི་གླང་པོ་དང་། ༼ལས་སྨིན་གྲོལ་མང་པོ་གསན།༽འཇམ་དབྱངས་མཁྱེན་བརྩེའི་དབང་པོས། ༼ཐུན་མོང་མ་ཡིན་པར་རྗེས་སུ་བཟུང་༽འཇམ་མགོན་བློ་གྲོས་མཐའ་ཡས། ༼ཀྱིས་སད་ན་ལེགས་ལྷ་རིགས་ཀྱི་མྱུ་གུར་བྱོན་པ་སྡེ་དགེ་ཆོས་རྒྱལ་འཆི་མེད་རྟག་པའི་རྡོ་རྗེ་ཞེས་བསྔགས་བརྗོད་གནང་ཞིང་སྨིན་གྲོལ་གྱིས་རྗེས་སུ་བཟུང་།༽ ཞབས་དྲུང་ངག་དབང་ལེགས་པ་སོགས་གསར་རྙིང་གི་བླ་མ་མང་དུ་བསྟེན། ཁྲི་རབས་བཅུ་གཉིས་པའི་གོ་སར་བཞུགས་ནས་ཆོས་སྲིད་ཀྱི་གདུགས་དཀར་ཕྱག་ཏུ་བཟུང་། ཐུགས་གཤིས་འཛམ་བུའི་གསེར་ལྟར་བཟང་བས་མངའ་འབངས་ཐམས་ཅད་ལ་གཞན་ཕན་ཉག་གཅིག་ཐུགས་ལ་བཟུང་། ཐུགས་སྒམ་ལ་གཏིང་མི་དཔོགས་པས་ཤོད་ཡངས་མཁའ་ལྟར་ཆེ། གཞན་ཟེར་རྗེས་བརྗོད་ཀྱི་ལད་མོ་མི་མཛད་པར་ཐུགས་རྒྱུད་རི་ལྟར་བརྟན། རང་དབང་གཞན་ལ་མི་བསྐུར་ཞིང་རྒྱལ་སྲིད་ཆོས་བཞིན་སྐྱོང་། བཙན་པོ་སྟེང་དུ་མི་མངགས་ནས་དབང་ཡོད་ཆོམ་ལ་ཕབ། ཉམ་ཆུང་དམའ་བར་མི་བཏང་ནས་སྡེ་ཆུས་དཔོན་གྱིས་གཟིགས། དཔོན་དྲིན་སྡེ་ཡིས་ཤེས་ནས་བློ་གཏད་གཅིག་ཆོག་གི་ཡུལ་དུ་གྱུར། ༼མི་དབང་འདི་དགུང་ལོ་བཅུ་གཉིས་དུས།༽སྐལ་ངན་དུས་ཁུག་གི་སྟེང་དུ་བབས་པས་༼རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ལོར་༽བསྟན་དགྲ་ཉག་རོང་གིས་བདེ་གཟར་བསླངས་ནས་མདོ་སྨད་ནག་འཇོམས་སུ་བཏང་བའི་རྒྱབ་རྟེན་ལྷ་དང་ཆོས་སྲུང་གི་མཐུ། རིགས་བདག་བླ་མའི་ཐུགས་བསྐྱེད་ཀྱི་དཔལ། མི་དབང་ཆེན་པོའི་བསོད་ནམས་ཀྱི་སྟོབས། ཆོས་བློན་མང་པོའི་བློ་གྲོས་ཀྱི་འཕྲུལ་སོགས་ཀྱིས་རྒྱལ་ཁབ་རང་དབང་དུ་གྱུར། ་་་་་ཉག་དགྲ་དུག་ཕུང་གཏིང་རྫོང་མཛད་པ་སོགས་གཞུང་ས་ཆེན་པོས་བསྟན་སྲིད་འདི་ལ་བཀའ་དྲིན་ཆེན་པོས་བསྐྱངས། ས་དབང་ཕུ་ལུང་པས་ས་སྟག་ལོར་མདོ་སྨད་སྲིད་པ་བདེ་བཀོད་ཀྱི་༼གཏན་ཚིགས་དང་༽ཕྱག་བཞེས་གནང་། ས་དགོན་ཉེར་ལྔ་གཙོས་པའི་དགྲ་ཤུལ་གྱི་བརླག་པའི་དགོན་སྡེ་རྣམས་ཉེས་སོང་བ་རྣམས་ཀྱི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་ཞིག་གསོས་མཛད། ཚོགས་སྒྲུབ་ཀྱི་ཐེབ་རྩ་གསར་བཞག་གནང་སྟེ་ཉམས་པ་སོར་ཆུད་མཛད། ཁྲམ་རྡོ་འཁོར་དགོན། ཁྲོ་མཎྜལ་དགོན་སོགས་གསར་འདེབས་མཛད། རྒྱལ་ཁབ་ཏུ་ཕོ་བྲང་ཆེན་པོ་རྨིངས་ནས་བཞེངས། དགྲ་ཤུལ་གྱི་ཉམས་གསོས་རིགས་མཐར་ཐོན་མཛད། ཡུམ་སྲས་ལྷན་ནས་ཚེ་ལྷ་རྣམ་གསུམ་ལྷ་ཁང་དང་། ཇོ་ཁང་སྟེང་ཤོད་སོགས་ལྷ་ཁང་མང་པོ་གསར་བཞེངས་དང་། ངོ་མཚར་བའི་རྟེན་གསུམ་བྱིན་རླབས་ཅན་མང་པོ་ཕྱུར་བུར་བཀང་། ཡུལ་དབུས་སུ་ཕེབས་ནས་རྟེན་ལ་མཆོད་འབུལ། དགེ་འདུན་ལ་བསྙེན་བཀུར་སོགས་ཞུས། རྒྱལ་བའི་བཀའ་འགྱུར་དང་། རྙིང་མ་རྒྱུད་འབུམ་སོགས་གསེར་ཞུན་མས་བྲིས། ལྷུན་གྲུབ་སྟེང་དང་དབྱར་གནས་གསར་འཛུགས་ཀྱི་སྲོལ་བཏོད། ས་ལུགས་ཕུར་པའི་འཆམ་ཆས་སོགས་གསར་བཞེངས་དང་སྒྲུབ་པའི་འཕར་བཙུག ཀོང་སྤྲུལ་རིན་པོ་ཆེའི་ངོ་མཚར་མཛོད་ཆེན་ལྔའི་སྤར་གསར་བཞེངས་ཀྱི་ཞབས་འདེགས་ཐོག་མར་ཞུས། བསྟན་པ་ཁོ་ན་ཡིད་ལ་བཞག་པའི་སྤྲུལ་པའི་ཆོས་རྒྱལ་མིང་དོན་དང་མཚུངས་པར་བྱོན། དགུང་གྲངས་ཞེ་བརྒྱད་རབ་ཚེས་ས་ཁྱི་ལོར་ཙི་ནའི་ཡུལ་དུ་བཀོད་པ་བསྡུས་པ་ཡིན།
ལྷ་སྲས་གཉིས་པ་གཅུང་བླ་མ་ཚེ་དབང་ཕུན་ཚོགས་ནི་མཐོ་རིགས་ཀྱི་ཆེ་འགྱིང་མེད་པར་དམ་པའི་ཚུལ་དགུའི་མཛེས་ཤིང་བསྐྱེད་རྫོགས་ལ་ཉམས་གཞེས་གཅེས་སྤྲས་མཛད་པས་དཔལ་ལྡན་ཨེ་ཝཾ་པའི་བསྟན་འཛིན་ཆེན་པོར་བྱོན། ཕྱིས་དབུས་ཕྱོགས་སུ་ཕེབས་དབང་ལུང་འཆད་ཀྱི་འགྲོ་དོན་གང་ཆེ་མཛད་ནས་སྐུ་གཤེགས་པ་ཡིན། ས་སྐྱོང་ཆེན་པོ་དེ་ལ་བོད་ཀྱི་གདུང་ཆེན་རྣམས་ལས་ཁྱད་པར་འཕགས་པ་སྟག་ལུང་ག་ཟའི་གདུང་ལས་བྱོན་པའི་བཀའ་བློན་ཆེན་པོ་མདོ་མཁར་བའི་སྲས་མོ་ས་སྐྱོང་དབང་མོ་དེ་ཉིད་རྒྱལ་ཁབ་འདིར་བཙུན་མོར་བྱོན་པ་ལས་སྤྲུལ་པའི་གདུང་སྲས་གཉསི་ཡོད་པའི་དང་པོ། གདུང་རབས་ཞེ་བརྒྱད་པ་མི་དབང་དམ་པ་རྡོ་རྗེ་སེང་གེ་ནི། རབ་བྱུང་བཅོ་ལྔ་པའི་མེ་གླང་ལོར་མཚན་དཔེའི་ཉི་མ་ཐོག་མར་འཁྲུངས། ༼རྒྱ་ལུགས་ཀྱི་༽གཅེས་མིང་དུ་ཨ་ཇ་ཞེས་པར་གྲགས། རིགས་བདག་བླ་མ་མང་པོས་ཐུགས་རྩིས་ཆེ་བར་གནང་ནས་བྱིན་གྱིས་རླབས། སྐུ་ཆུང་དུས་ནས་བཟུང་ཐུགས་གཤིས་ཛམ་བུའི་ཆུ་བོའི་གསེར་ལྟར་བཟང་། ཕྱོགས་མེད་ཀྱི་བསྟན་པ་ལ་དག་སྣང་ཆེ་ཞིང་ལྷག་བསམ་རྒྱས། ཁྲི་རབས་བཅུ་གསུམ་པའི་གོ་སར་ཕེབ་ནས་ཆོས་རྒྱལ་གོང་མའི་ཆོས་སྲིད་ཀྱི་ལམ་སྲོལ་བཟུང་། གཞན་དང་མི་མཉམ་པའི་ལྷ་སྲུང་རང་ཤུགས་སུ་འཁོར་བའི་མངོན་རྟགས་བརྙེས། ཕྱི་ནང་རིག་པའི་གནས་ལ་མཁྱེན་རབ་ཕུན་སུམ་ཚོགས། ལྷུན་གྲུབ་སྟེང་དུ་སྔར་ཉམས་ཉེས་སོང་བའི་ལྷ་ཁང་བཅུ་གསུམ་ཙམ་ཞིག་གསོས་མཛད། ས་ཕུར་གྱི་འཆམ་ཆས་ཡོ་བྱད་མང་པོ་གསར་དུ་བསྒྲིགས། སྤར་མར་ཤེར་ཕྱིན་འབུམ་སྤར་ཚར་གཉིས་དང་། སྒྲུབ་བཏུས་རྒྱུད་བཏུས་རིན་ཆེན་གཏེར་མཛོད་སོགས་གསུང་རབ་མང་པོའི་སྤར་གསར་བསྐོས་ཀྱི་མཐའ་འདུས་ཡོང་བའི་ཞབས་འདེགས་གནང་། བསྐལ་ངན་དུས་འགྱུར་གྱི་ཁུག་སྟེང་སླེབས་པས་རྒྱལ་ཁབ་བྱིང་ལ་བདེ་གཟར་སྣ་ཚོགས་བྱུང་སྐབས་འཕྲལ་རྐྱེན་གཞན་དབང་གིས་བསྒྱུར་བའི་ངོ་སྲུང་མཐུན་འཇུག་མ་གནང་ཐབས་མེད་དུ་གྱུར། རྒྱལ་ཁབ་བདེ་ཞིང་བསྟན་པའི་དོན་ཆེན་སྒྲུབ་པའི་ཐུགས་བཞེད་ཁོ་ན་རྟག་པར་འཆང་། ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ། སྐུ་ཚེའི་མཇུག་ཏུ་ཡུལ་དབུས་དག་པའི་ཞིང་དུ་ཕེབས་ནས་དགུང་གྲངས་ང་གསུམ་རབ་རྒྱལ་ས་སྦྲུལ་ལོར་སྐུ་གཤེགས་པ་ཡིན། སྲས་ཆུང་ངག་དབང་འཇམ་དཔལ་རིན་ཆེན་ནི་གཅེས་མིང་དུ་བ་བ་ཞེས་པར་གྲགས། བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པ་རྒྱས་ཞིང་མ་ཧཱ་པཎྜིཏའི་མཚན་འཆང་། འཇམ་མགོན་མི་ཕམ་རིན་པོ་ཆེ་ལས་བྱམས་ཆོས་སྐོར་སོགས་ཀྱི་གསན་སྦྱང་གནང་བས་བླ་མས་ཐུགས་རྩིས་ཆེ་བར་གནང་། སྐུ་ཚེའི་སྨད་དུ་ཐམས་ཅད་མཁྱེན་པ་ཐུབ་བསྟན་རྒྱ་མཚོའི་སྐུ་བཅར་ཞུས། ཐའི་ཇིའི་གོ་ས་བཟུང་ནས་གཞུང་ས་ཆེན་པོའི་ཆོས་སྲིད་ལ་ཞབས་འདེགས་ལེགས་གྲུབ་སོང་བ་ཡིན། དགུང་སྙིང་དང་། སྐུ་གཤེགས་པའི་ལོ་གང་ཡིན་མ་ཤེས། ས་སྐྱོང་དམ་པ་རྡོ་རྗེ་སེངྒེ་དེ་ཉིད་ཀྱི་སྲས་ལྷ་རིགས་སྤྲུལ་པའི་གདུང་རྒྱུད་རིན་པོ་ཆེ་རང་ཅག་རྣམས་ཀྱི་སྐྱབས་གནས་གཅིག་པུ་མེ་ཏོག་ཕོག་པའི་ལྷ་སྐལ་སྤྱི་བོས་བསྐུར་བའི་རིགས་བདག་གདུང་རབས་ཞེ་དགུ་པ་ཆོས་རྒྱལ་ཆེན་པོ་བསོད་ནམས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ལྷ་སྲས་འཇིགས་མེད་ཚེ་དབང་བདུད་འདུལ་ནི། རབ་ཚེས་མེ་འབྲུག་ལོར་སྐུ་མཆོག་མཚན་བཟང་རི་མོ་ཐོག་མར་འཁྲུངས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་ལྐོག་གྱུར་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ཅན་མང་པོས་མགྲིན་གཅིག་ཏུ་ཀུན་མཁྱེན་བླ་མ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་བསམ་བཞིན་ས་སྐྱོང་རྒྱལ་པོའི་ཚུལ་དུ་བྱོན་པར་ལུང་བསྟན། རྡོ་རྗེའི་བདེན་ཚིག་གི་མེ་ཏོག་འཐོར། བསྟོད་ཅིང་བསྔགས་པའི་རོལ་མོ་འཁྲོལ། རབ་ཚེས་ལྕགས་བྱ་ལོར་རྒྱལ་ཚབ་ཆེན་པོའི་ཁྲི་རབས་བཅུ་བཞི་པའི་གོ་སར་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོར་མངའ་གསོལ། བར་སྐབས་སུ་དུས་འཁྲུགས་ཀྱི་རྐྱེན་ལས་རྒྱལ་ཁབ་ཕྲིན་ལས་གཞན་དབང་དུ་གྱུར་པ་རྣམས་སླར་རང་དབང་དུ་གྱུར་ནས་མངའ་རིས་ཆོས་བཞིན་དུ་སྐྱོང་། ཤེས་བྱ་རིག་པའི་གནས་ལ་རྣམ་དཔྱོད་ཀྱི་རྩལ་རྫོགས། རིས་མེད་པའི་བསྟན་དང་བསྟན་འཛིན་ཐམས་ཅད་དབུའི་མཆོད་གནས་སུ་བཟུང་། ༼མཁན་ཆེན་ངག་གི་དབང་པོའི་མདུན་ནས་ཁྲེགས་ཆོད་སྙན་རྒྱུད་ཀྱི་ཁྲིད་གསན། ༽ཁྱད་པར་ཅན་གྱི་སྦས་པའི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་གྲོ་ཁོ་རྟོགས་ལྡན་རིན་པོ་ཆེ་༼ཨུ་རྒྱན་བསྟན་འཛིན།༽ཞེས་སྐུ་ཚེ་ཧྲིལ་པོར་བྱ་བྲལ་གྱི་སྤྱོད་པ་མཐར་ཕྱིན་པ་དེ་ཉིད་ཐུན་མིན་གསང་བའི་རིགས་བདག་ཏུ་བསྙེན། ཨ་ཏི་ཡོ་གའི་སྙན་བརྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན། ཚིག་ཙམ་དུ་མ་ལུས་པར་རྟོགས་པའི་གདིངས་ཆེན་བརྙེས་ཏེ་ས་མཆོག་དཀྱིལ་འཁོར་ཆེན་པོ་གྲུབ་པའི་བརྡར། འཇའ་དང་འོད་ཟེར། གདུགས་དང་རིང་བསྲེལ་གྱི་ཕུང་པོར་གྱུར་གྱི་བར་དུ་ཐུགས་དམ་མཐར་ཕྱིན་པ་མཛད། བཤད་སྒྲུབ་ཀྱེ་ཐེབས་རྩ་མང་པོ་སྦྱོར་འཇགས་གནང་། འཕྲལ་གྱི་ཚབ་ཚུབ་མེད་པར་ཐུགས་གཤིས་རི་རྒྱལ་ལྷུན་པ་ལྟར་བརྟན། ཐུགས་སྒམ་ལ་གཏིང་མི་དཔོག་པས་ཕྱོགས་ཀྱི་ཆེ་རྒུ་ཐམས་ཅད་ཟིལ་གྱིས་མནན། བསྟན་པ་གཞིར་བཞེངས་སུ་བསླང་བའི་ཐུགས་བསྐྱེད་དཀོར་རྒྱུད་ལ་མངའ། ཆོས་སྲིད་ཀྱི་ཕྲིན་ལས་འཛམ་གླིང་ཡོངས་ལ་ཁྱབ་ཅིང་། ནང་ཆེན་ཆོས་རྒྱལ་ཆེན་པོའི་སྲས་མོ་༼ཚེ་དབང་དཔལ་མོ་༽ཁབ་ཏུ་བཞེས། གདུང་༼རབས་ལྔ་བཅུ་པ་ལ་༽སྲས་སྤྲུལ་པའི་ཟླ་བ་ཨོ་རྒྱན་རིག་འཛིན་འཇིགས་མེད་གར་དབང་འཆི་མེད་བདེ་ཆེན་རྡོ་རྗེ་ཨུ་རྒྱན་སྐྱབས་རབ་རྒྱལ་ས་སྟག་ལོར་གསར་དུ་འཁྲུངས་ནས་ད་ལྟ་ཡབ་སྲས་ཉི་ཟླ་ཟུང་གཅིག་ཞབས་པད་རིན་པོ་ཆེ་བརྟན་གཞི་ལ། སླར་ཡང་སྐུ་ཚེ་འཆི་མེད་རྡོ་རྗེའི་ལང་ཚོ་ལ་མངའ་དབང་འབྱོར་བའི་གསོལ་བ་འདེབས་པ་ལགས།
༈ ད་ནི་མདོ་སྨད་ས་སྤྱོད་ཡོངས་ཀྱི་གཙུག་རྒྱན་ལྷ་རིགས་ཆོས་རྒྱལ་སྤྲུལ་པའི་གདུང་རྒྱུད་འདི་ནི་མི་རྒྱུད་ལྷ་ལས་ཆད། ཆུ་རྒྱུད་གངས་ལས་ཐུག་པའི་གདུང་རབས་རིམ་པར་བྱོན་པ་རྣམས་ལ་རེ་རེེ་བཞིན་སྐུ་ཆེ་བའི་ལོ་རྒྱུས། སྟོབས་སྙན་པའི་གཟི་བརྗིད། མཁས་གྲུབ་པའི་གྲགས་པ་སོགས་མང་པོ་བཤད་དུ་ཡོད་ཀྱང་ད་རེས་བཞག་ལ། མདོར་བསྡུས་མཚན་ཐོ་ཙམ་མ་བཤད་ན་འོད་གསལ་ལྷའི་གདུང་རྒྱུད་བར་མ་ཆད་པ་ཆོས་རྒྱལ་སྡེ་དགེ་ཞེས་པ་འདི་སྟོབས་ཀྱི་ཆེ་བརྒྱུད། མཁས་པའི་འཕྲུལ་རྒྱུད། ཆོས་ཀྱི་རྒྱལ་རྒྱུད་གང་ཡིན་མི་ཤེས་པས། ཤར་མི་ཉག་བཞག་ར་ལྷ་རྩེར་གནམ་གྱི་མཐོང་བ་ནས་མི་ཡུལ་དུ་ཐོག་མར་བབས་པའི་མགར་ཚེ་གནམ་ཚ་འགྲུབ། དེ་ནས་མགར་བླ་མེད་མཁྱེན་ཆེན་པོ། མགར་སྟོང་མེས་ཁྲི་ཆགས། དེའི་སྲས་བློན་ཆེན་མགར་དམ་པ་འདི་ནི་གདུང་རབས་ཀྱི་ཐོག་མ་ཡིན་ལ། དེ་ནས་བཟུང་སྔ་མའི་སྲས་ཕྱི་མ་ཡིན་པས། དང་པོ་ཆོས་བློན་མགར་དམ་པ། དེའི་སྲས་བཙས་པོ་ཡོན་ཏན་རྒྱལ་བཟུང་། དེའི་སྲས་ལྷ་གཅིག་སྙན་ལྡེམ་བུ། དེའི་སྲས་ཁྲི་བཟང་དུམ་བུ། འདིའི་སྲས་ཁྲི་ལྕགས་ནས་དེ་སྲས་ཡོང་མེས་ཁྲི་སྣང་སོགས་རིམ་པར་དབུས་ཚལ་པ་ཁྲི་དཔོན་གྱེས་པ་ཡིན། དེའི་མཆེད་ཡ་ཨ་མྱེ་དགེ་བ་དཔལ། དེའི་སྲས་ལྷ་རྗེ་བྱམས་པ་དཔལ། འདིའི་དུས་འདན་བྲག་ར་གླིང་ཆེན་དུ་གདན་འཇགས་པ་ཡིན་པས། དེའི་སྲས་མགར་དཔལ་གྱི་ཡོན་ཏན། དེའི་སྲས་མགར་དཔལ་གྱི་ཕུར་བུ། དེའི་སྲས་མགར་དཔལ་གྱི་འབྱུང་གནས། དེའི་སྲས་མགར་དཔལ་གྱི་ཤེས་རབ། དེའི་སྲས་མགར་དཔལ་གྱི་བཀྲ་ཤིས། དེའི་སྲས་མགར་གྱི་བླ་མ། དེའི་སྲས་མགར་ཤེས་རབ་བླ་མ། དེའི་སྲས་མགར་བྱ་ཆུབ་བླ་མ། དེའི་སྲས་མགར་གྲགས་པ་རྒྱལ་མཚན། དེའི་སྲས་དོན་མཆོག་རྒྱལ་མཚན། དེའི་སྲས་མགར་དགེ་འདུན་རྒྱལ་མཚན། དེའི་སྲས་མགར་བྱམས་པ་རྒྱལ་མཚན། དེའི་སྲས་མགར་ཡེ་ཤེས་རྒྱལ་མཚན། དེའི་སྲས་མགར་དཔལ་གྱི་བྱམས་པ་ཕྱི་མ། དེའི་སྲས་མགར་དཔལ་འབུམ། དེའི་སྲས་མགར་དཔལ་གྲགས། དེའི་སྲས་དཔལ་གྱི་རྡོ་རྗེ། འདིའི་སྲས་རྒྱལ་མཚན་ནས་སྤུ་བོ་ཕུ་ལུང་སྡེ་པ་ཐོག་ཀ་བའི་རྒྱུན་བྱུང་། དེའི་མཆེད་མགར་དཔལ་གྱི་བསོད་ནམས། དེའི་སྲས་མགར་དཔལ་གྱི་རྩེ་མོ། འདི་ནས་རྨེ་ཤོད་རྨེ་མདོ་ཞེས་པར་གདན་འཇགས། དེའི་སྲས་བསོད་ནམས་འབུམ་མམ་མགར་ཆེན་ཡེ་ཤེས་བཟང་པོ། དེས་མདོ་དྲུག་ས་ཡི་ལྟེ་བ་བདག་གིར་མཛད། དེའི་སྲས་གཉིས་ལས་བསོད་ནམས་རིན་ཆེན་གྱིས་འགྲོ་མགོན་ཆོས་འཕགས་ཀྱི་ཞབས་པད་བརྟེན་ནས་ཡོར་ཡུལ་དུ་བྱོན་ནས་༼གསོལ་གཟིམ་མཆོད་དང་འཇལ་ཡིག་མཛོད་པ་གསུམ། །ཐབ་འདྲེན་གདན་གསུམ་སྐྱ་རྟ་མཛོ་ཁྱི་བཞི། །ཆེན་པོ་ས་ནོར་ལས་ཚན་བཅུ་གསུམ་སྟེ། །འདི་རྣམས་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ། །དཔལ་ལྡན་འཕགས་པའི་རིགས་ལས་ར་བ་ཡིན། །ཞེས་ཆེན་པོ་ལ་དགོན་པའི་ལས་ཚན་བཅུ་གསུམ་གྱི་ཐོན་༽གསོལ་དཔོན་གྱི་གོ་ས་བཟུང་། གོང་མ་སེ་ཆེན་གན་གྱིས་ཐམ་ཀ་དང་འཇའ་ས་གནང་། སྐུ་ཚེའི་སྨད་ལ་ས་དམར་ཡོང་དགོན་དུ་ཚོགས་པ་སྟོང་ཕྲག་ཙམ་སྐྱོང་། དེའི་མཆེད་ཡ་རྔུ་རྒུ་རུ། འདི་ནས་ས་དམར་དུ་ས་བཟུང་ནས་བཙུན་མོ་གསུམ་བཞག་པ་ལས་སྲས་གསུམ་རེ་འཁྲུངས་པས་སྲས་དྲུག་ལ་ཚོ་པ་གསུམ་རེ་གྱེས་པས་ཚོ་ཆེན་བཅོ་བརྒྱད། སྲས་གསུམ་ལས་རེ་རེ་གྱེས་པས་ཚོ་ཆེན་ཉི་ཤུ་རྩ་གཅིག་བྱུང་བ་ཡིན་ཏེ་ཅུང་ཟད་བཤད་ན། སྦྲ་ཟ་སྟག་ཁ་མ་ལ་སྲས་གསུམ་བྱུང་བའི་ཆེ་བའི་རྒྱུད་པ་ལས་གོ་སའི་ཨ་འབེན་བུ་གསུམ་འབྲིང་བའི་རྒྱུད་པ་ལས་ཕུ་རབ་བཙུན་གསུམ། ཆུང་བའི་རྒྱུད་པ་ལས་དྲུག་པའི་སྤྱི་ཚང་སྤུན་གསུམ་བྱུང་། སྲིན་བཟང་གདོང་ཐུགས་མ་ལ་སྲས་གསུམ་བྱུང་བའི་ཆེ་བའི་བརྒྱུད་པ་ལས་བསོ་པའི་ཕྱུག་པོ་བུ་གསུམ། འབྲིང་བའི་རྒྱུད་པ་ལས་རྡོར་དབང་བདེ་གསུམ། ཆུང་བའི་རྒྱུད་པ་ལས་སྟོང་ཆེན་ཨ་ཕྱི་བུ་གསུམ་བྱུང་། ཁྲམ་ཁྲི་དཔོན་་་བཟའ་དུལ་སོག་ལ་་་་་་་་༼མི་གསལ་༽ སྲས་གསུམ་བྱུང་བའི་ཆེ་བ་ད་ལྟའི་གདུང་རབས་འདི་ཡི་གྱེས་མཚམས་འགྲོ་མགོན་ཆོས་འཕགས་རྒྱ་ནག་ཏུ་བྱོན་སྐབས་ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་གྱི་ཐོག་མ་གསོལ་དཔོན་གྱི་གོ་ས་བཟུང་། འཇམ་དབྱངས་གོང་མས་ས་དམར་སྟོང་དཔོན་དུ་མངའ་གསོལ་བ་སྟོང་དཔོན་ཟླ་བ་བཟང་པོ། འབྲིང་བ་ལྷས་མཚམས་འོད་ཟེར་རིན་ཆེན་གྱིས་མིང་ཚ་བཟུང་། ཆུང་བ་གཙུག་ཏུ་བདེ་གཤེགས་སྐྱབས་ཀྱི་བྲུ་ཆེན་ཏེས་ར་བཟུང་བ་སྟེ་དེ་རྣམས་ཕལ་ཆེར་དེང་སང་བསོ་རེ་ཁེ་སྨད་དུ་ཡོད། སྟོང་དཔོན་ཟླ་བ་བཟང་པོའི་སྲས་༼དཔལ་ལྡན་སེང་གེ་དང་༽རྒྱལ་བ་བཟང་པོ།༼གཉིས།༽༼ཕྱི་མའི་༽དེ་སྲས་༼སངས་རྒྱས་བཟང་པོ་དང་༽པདྨ་བསྟན་སྲུང་༼གཉིས་ཕྱི་མའི་༽ སྲས་བསོད་ནམས་འབུམ་དང་། དེའི་སྲས་ཆོས་སྲིད་བསོད་ནམས་ཀྱི་མངའ་བདག་བདེ་ཆེན་བསོད་ནམས་བཟང་པོ་སྟེ་འདིའི་དུས་སྡེ་དགེའི་མཚན་སྙན་ཐོག་མར་བཟུང་། དེ་སྲས་བོང་ར་བཀྲ་ཤིས་སེངྒེ། དེའི་སྲས་རྒྱལ་མཚན་འབུམ། དེའི་སྲས་དཔོན་ཆེན་ནམ་མཁའ། དེའི་སྲས་དཔོན་ཆེན་ལྷུན་ཐུབ། དེའི་སྲས་ས་སྐྱོང་ཀླུ་འཕེལ། དེའི་སྲས་ས་སྐྱོང་ཨོ་རྒྱན་བཀྲ་ཤིས། དེའི་སྲས་ས་སྐྱོང་དབང་ཆེན་མགོན་པོ། དེའི་སྲས་ཆོས་རྒྱལ་བསྟན་པ་ཚེ་རིང་། དེའི་སྲས་ཁྲི་ཆེན་བློ་གྲོས་རྒྱ་མཚོ། དེའི་སྲས་ཆོས་རྒྱལ་ས་དབང་བཟང་པོ། དེའི་སྲས་ཆོས་རྒྱལ་ཚེ་དབང་རྡོ་རྗེ། དེའི་སྲས་ཆོས་རྒྱལ་དམ་ཚིག་རྡོ་རྗེ། དེའི་སྲས་ཆོས་རྒྱལ་འཆི་མེད་རྟག་པའི་རྡོ་རྗེ། དེའི་སྲས་མི་དབང་རྡོ་རྗེ་སེངྒེ་། དེའི་སྲས་སྐུ་སྲས་དམ་པ་འཇིགས་མེད་ཚེ་དབང་བདུད་འདུལ་ཕྱོགས་ལས་རྣམ་རྒྱལ་དང་། དེའི་སྲས་སུ་སྤྲུལ་པའི་ཟླ་བ་གསར་དུ་ཤར་བ་བཅས་ཀྱི་བར་དུ་གདུང་རབས་་གསེར་གྱི་རི་བོ་གྲལ་བསྒྲིགས་པ་ལྟ་བུ་ལྔ་བཅུ་ཡིན་ལ། ཆོས་བློན་མགར་དམ་པ་ནས་ད་ལྟ་རབ་རྒྱལ་ལྕགས་སྦྲུལ་ཡན་ལོ་གྲངས་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ་སྐོར་སོང་བ་ཡིན།  མདོ་སྨད་ལུགས་བརྒྱའི་འདུན་པ་འདི་ཉིད་དུ་བདེ་ཆེན་བསོད་ནམས་བཟང་པོ་ཕེབ་ནས་བཟུང་ད་ལྟ་བར་་་་༼མི་གསལ་༽ཡིན་ལ། བླ་ཆེན་བྱམས་པ་ཕུན་ཚོགས་ནས་ཁྲི་རབས་ཀྱི་ཐོག་མ་བཟུང་ནས་ད་ལྟ་བར་ཁྲི་རབས་བཅུ་བཞི་སོང་བ་དེ་ལྟ་བུ་འོད་གསལ་ལྷའི་གདུང་རྒྱུད་བར་མ་ཆད་པའི་ལོ་རྒྱུས་མདོ་ཙམ་བཤད་པ་ཡིན། དེ་ཡང་༼སྲོང་བཙན་སྒམ་པོའི་འཁྲུང་ལོ་དང་བསྟུན་ན་༽འཕྲུལ་བློན་མགར་དམ་པ་ནས་བཟུང་ད་ལྟ་ཡན་ལོ་གཅིག་སྟོང་ལྔ་བརྒྱ་བདུན་ཅུ་སྐོར་སོང་ཡོད་ཅིང་། དེའི་བར་དུ་ཆེ་རྒྱུད་ཀྱི་ལྷ་གྲལ་མ་སྟོང་། མཐོན་པོའི་དབུ་འཕང་མ་ཉམས། མི་རྒྱུད་ལྷ་ལས་ཆད་པའི་གདུང་མ་ཉམས། ཆུ་རྒྱུད་གངས་ལས་བབས་པའི་རྒྱུན་མ་ཆད་པའི་ལོ་རྒྱུས་འདི་ལ་གདུང་རྒྱུད་རིམ་བྱོན་རྣམས་རྒྱལ་བསྟན་སྤྱི་དང་། ཁྱད་པར་སྔ་འགྱུར་གྱི་བསྟན་པའི་སྦྱིན་བདག་ཡིན་ཏེ་མགར་སྟོང་བཙན་ཡུལ་བཟུང་གིས་ཆོས་རྒྱལ་སྲོང་བཙན་སྒོམ་པོའི་ནང་བློན་མཛད། དེ་ནས་གདུང་རྒྱུད་ལྔ་པ་ཨ་མྱེ་དགེ་བ་དཔལ་གྱི་ཨོ་རྒྱན་ཆེན་པོའི་ཐུགས་སྲས་ངན་ལམ་རྒྱལ་མཆོག་དབྱངས། ལོ་ཙཱ་བ་གཡུ་སྒྲ་སྙིང་པོ། སད་མི་བདུན་གྱི་ནང་གསེས་མཁོན་ཀླུའི་དབང་པོ་སོགས་བསྟེན་ནས་གྲུབ་པ་བརྙེས། སྐུ་ཚེའི་སྨད་ལ་སྲས་བྱམས་པ་དཔལ་དང་བཅས་ཁམས་སུ་བྱོན་ནས་འདན་བྲག་ར་གླིང་ཆེན་དུ་བཞུགས་པས་གདུང་རྒྱུད་ཁམས་ཕྱོགས་སུ་ཆགས། འཕགས་པ་བྱམས་པས་ཞལ་བསྟན་ཏེ་བྱམས་ཆོས་ལྔ་དངོས་སུ་གནང་། ཡི་དམ་རྟ་མགྲིན་དང་རྡོ་རྗེ་གཞོན་ནུས་ཞལ་གཟིགས། རྫོགས་ཆེན་གྱི་རྟོགས་པ་མངོན་དུ་གྱུར། རྟ་མགྲིན་གྱི་སྒྲུབ་རྟེན་དྲིལ་བུ་སེར་པོ། རྟ་སྐད་ཅན་འཁྲོལ་བ་ཙམ་གྱིས་ཡི་དམ་གྱི་ལྷ་དངོས་སུ་བྱོན་པ་དང་། ཕུར་པའི་སྒྲུབ་རྟེན་དྲིལ་བུ་ནག་པོ་ཧཱུྃ་སྒྲ་ཅན་འཁྲོལ་བ་ཙམ་གྱིས་བསྟན་དགྲ་བརླག་ནུས་པ་ཅན་གཉིས་བཞུགས་པས། དགུང་ལོ་བརྒྱ་དང་བརྒྱད་ཅུའི་མཚམས་དྲིལ་བུ་སེར་པོ་བསྣམས་ནས་སྐུ་དངོས་ཀྱིས་མཁའ་སྤྱོད་དུ་གཤེགས། དེ་རྗེས་གདུང་རབས་བཅུ་གཅིག་པ་མགར་བཀྲ་ཤིས་དཔལ་དེས་ཕུར་པའི་དྲིལ་བུ་བསྣམས་ནས་སྐུ་དངོས་ཀྱིས་ལྕང་ལོ་ཅན་དུ་གཤེགས། དེ་རྗེས་གདུང་རབས་ཉེར་གཉིས་པ་དཔལ་གྱི་བྱམས་པའམ་བྱམས་པ་དཔལ་དེས་བྱ་རྒོད་ཀྱི་ཐུལ་པ་མནབ་ནས་སྐུ་དངོས་དགའ་ལྡན་དུ་སོང་བར་གྲགས་ཏེ་འདི་ཡན་རྙིང་མའི་གྲུབ་ཆེན་ཁོ་ན་ཡིན། དེ་རྗེས་གདུང་རབས་སོ་བཞི་པ་བདེ་ཆེན་བསོད་ནམས་བཟང་པོའི་དུས་རང་གི་གཅེན་གྲུབ་ཐོབ་རྔུ་པ་ཆོས་ཀྱི་རྡོ་རྗེ་དང་བླ་སློབ་གྱུར་ནས་སྟོད་ཕྱོགས་ས་བཟུང་བའི་ལུང་བསྟན། དེའི་སྲས་བོ་ཐར་བཀྲ་ཤིས་སེངྒེ་དང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གཉིས་མཆོད་ཡོན་འབྲེལ་བས་བསྟན་སྲིད་ཀྱི་རྩ་བ་ཚུགས། དེ་རྗེས་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོས་རིག་འཛིན་འཇའ་ཚོན་སྙིང་པོ་དང་། སོག་བཟློག་པ་བློ་གྲོས་བཟང་པོ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སོགས་བསྟེན་ནས་གྲུབ་པ་བརྙེས། ཁྲི་རབས་དང་པོ་བླ་ཆེན་བྱམས་པ་ཕུན་ཚོགས་དང་། ཁྲི་རབས་གཉིས་པ་བླ་མ་ཀུན་དགའ་ཕུན་ཚོགས་གཉིས་ཀྱིས་ཁྲག་འཐུང་བདུད་འདུལ་རྡོ་རྗེ་རྒྱལ་ཁབ་ཏུ་སྤྱན་དྲངས་ནས་བདུད་འདུལ་ལྷ་ཁང་བཞེངས་ནས་བླ་མར་བསྟེན། འོན་ཀྱང་བླ་ཆེན་ཀུན་དགའ་ཕུན་ཚོགས་ཀྱི་དུས། བླ་མ་སངས་རྒྱས་དཔལ་བཟང་སོགས་བློན་རིགས་འགས་ལོག་སྒྲུབ་ཞུས་པས་རྟེན་འབྲེལ་དེ་ཙམ་གྱུར། གནམ་ཆོས་མི་འགྱུར་རྡོ་རྗེ་མདོ་སྨད་ཐོག་མར་ཕེབས་དུས་རྒྱལ་ཁབ་འདིར་སྤྱན་དྲངས་ནས་མཆོད་གནས་ཞུས། རྗེ་སྐུ་གཤེགས་པའི་དུས་རྨུགས་སངས་ས་གནས་སུ་གསེར་ལྗིབས་བྱུགས་བྱས་པའི་གདུང་རྟེན་གཙུག་ལག་ཁང་བཅས་བཞེངས། ཁྲི་ཆེན་སངས་རྒྱས་བསྟན་པའི་དུས་རྫོགས་ཆེན་པདྨ་རིག་འཛིན་དབུ་བླར་བསྟེན་ནས་རུ་དམ་རྫོགས་ཆེན་དགོན་བཏབ།
དཔལ་ཡུལ་ཀུན་བཟང་ཤེས་རབ་དབུ་བླར་བསྟེན་ནས་དཔལ་ཡུལ་དགོན་བཏབ། ཀློང་གསལ་སྙིང་པོ་དབུ་བླར་བསྟེན་ནས་དཔལ་ཡུལ་དགོན་བཏབ། ཀློང་གསལ་སྙིང་པོ་དབུ་བླར་བསྟེན་ནས་སྔར་བདུད་འདུལ་རྡོ་རྗེ་དང་རྟེན་འབྲེལ་ལོག་པ་སླར་གསོས་ནས་ཀཿཐོག་ཏུ་བཞུགས་སུ་གསོལ། ཆོས་རྒྱལ་བསྟན་པ་ཚེ་རིང་གི་དུས་རིག་འཛིན་ཉི་མ་གྲགས་པ་སྤྱན་དྲངས་ནས་དབུ་བླར་བསྟེན། མཛེས་བཀྲ་ཤིས་ཕོ་བྲང་དུ་དམ་ཅན་གྱི་རྟེན་འཛུགས་རྟགས་མཚན་ཅན་བཞེངས། དཔལ་རི་འཕྱང་རྒྱས་ནས་གྲུབ་དབང་རིག་འཛིན་ཀུན་བཟང་འོད་ཟེར་སྤྱན་དྲངས་ནས་ཞབས་བརྟབ་བསྒྲུབས་པས་ཚེ་ཆུའི་རྒྱུན་འཕེལ། སྲིད་སྤེལ་གྱི་བུམ་པར་མར་གྱི་རིལ་བུ་སྲས་ཀྱི་གྲངས་མཚུངས་བྱུང་། རྡོ་རྗེ་བྲག་སྐལ་བཟང་པདྨ་དབང་ཕྱུག་དབུས་ཕྱོགས་ཐོག་མར་བྱོན་པའི་དུས་འབུམ་གསར་བརྐོས་གཙོས་འབུལ་ཆེན་བསྟབས། རྗེས་སུའང་བསྙེན་བཀུར་ཞུས་ནས་རྡོར་བྲག་བླ་མ་རིམ་བྱོན་རྒྱལ་ཁབ་འདིར་སྤྱན་དྲངས་སྡེ་དགེའི་རྡོར་བྲག་དགོན་བཏབ་ནས་ལོ་དར་བསྟན་སྲིད་ཞབས་རིམ་བསྒྲུབ་པའི་རྒྱུན་བཙུགས། ས་སྐྱོང་བླ་མ་བློ་གྲོས་རྒྱ་མཚོ་དང་། རྗེ་བཙུན་མ་དབྱངས་ཅན་སྒྲོལ་མའི་དུས་ཁྱེའུ་ལས་རབ་རྩལ་དབུ་བླར་བསྟེན། སྡེ་དགེ་པ་དབང་བཟང་པོ་དང་། དཔོན་མོ་ཚེ་དབང་ལྷ་མོའི་དུས་རིག་འཛིན་འཇིགས་མེད་གླིང་པ་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་བླ་མར་བསྟེན། ཆོས་རྒྱལ་དམ་ཚིག་རྡོ་རྗེ་དང་། དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེའི་དུས་མཆོག་གྱུར་བདེ་ཆེན་གླིང་པ། འཇམ་མགོན་མཁྱེན་ཀོང་རྣམ་གཉིས་བླ་མར་བསྟེན། མི་དབང་རྡོ་རྗེ་སེང་གེ་སྐུ་མཆེད་དུས་འཇམ་མགོན་མི་ཕམ་རིན་པོ་ཆེ། རྫོགས་ཆེན་དགེ་མང་ཡང་སྲིད་སོགས་བསྟེན་ནས་རྙིང་མའི་བསྟན་པ་ལ་ཞབས་འདེགས་ཞུས་པའི་བསྟན་པའི་སྦྱིན་བདག་སྡེ་དགེ་ཞེས་གྲགས་པའོ།།
ཆོས་བློན་གཙོ་ཆེ་བ་རྣམས་ཇི་ལྟར་བྱུང་བའི་ལོ་རྒྱུས་མདོར་ཙམ་བཤད་ན། བླ་ཆེན་གྱི་བྱམས་པ་ཕུན་ཚོགས་དུས་སུ་བཀའི་བློན་ཆེན་དགེ་སློང་ཀུན་དགའ་རྒྱལ་མཚན་བྱུང་སྟེ། དེ་ནི་དགྲ་དཔའ་རྒོད་ཀྱི་ཡང་རྩེ། བློ་དྲན་འཕྲུལ་གྱི་བང་མཛོད་ཡིན་པཔས་སོག་གུ་ཤྲཱི་དང་མཆོད་ཡོན་བསྟན་ཇུས་གཅིག་པའི་མགོ་བཙུག བེ་རི་དང་། གོ་འཇོ་མཁའ་འགྲོ་རྒྱལ་པོ་སོགས་ཐལ་བར་བརླག རྫོང་ཆེན་བཅོ་བརྒྱད་སོགས་ཆུས་ཆེན་མང་པོའི་གོང་བ་བླངས། སྐུ་ཚེའི་སྨད་དུ་ལྷ་འབྲང་མགོར་སྐུ་མཚམས་བཞུགས་ནས། མ་ཎི་དུང་ཕྱུར་མང་པོ་གསུངས། སྤྱན་རས་གཟིགས་ཀྱི་ཞལ་གཟིགས། གནམ་ལྕགས་ཀྱི་ཐོག་མར་མགོ་ཐོག་ཏུ་ལྷུང་ཡང་གནོད་མ་ནུས། འདས་དུས་འཇའ་འོད་ཀྱི་གུར་ཕུབ་པ་སོགས་མི་རྒོད་ཆོས་ལ་རྒོད་ཟེར་བའི་གྲགས་པ་བྱུང་། ད་ལྟ་དེའི་བརྒྱུད་པ་མེད། གཉེར་ཆེན་དམ་པ་དགེ་བཤེས་ཉ་རྒྱལ་དང་ཚེ་རིང་ཐར་གཉིས་ཀྱང་བསྟན་སྲིད་ལ་ཞབས་འདེགས་ཤིན་ཏུ་ཆེ་ཞིང་། ཚེ་རིང་ཐར་གྱི་སོག་གུ་ཤྲཱིའི་མདུན་བོར་རི་ཐལ་བར་བརླག་ཟིན་པའི་ལོ་རྒྱུས་སྙན་ཞུ་ཕུལ་བས་ཐུགས་དགྱེས་ཚོར་མཛད། ཡུལ་ཇི་སང་གི་ཐོབ་དང་ཆོ་ལོ་གནང་ཡང་བློ་ཁ་མ་རྫོགས་ནས་ངེད་ས་རང་གི་ཡུལ་ན་དཔོན་པོས་གསོལ་རེས་ཅི་གནང་ཟེར་བ་ལས་ཆོ་ལོ་ཅི་བཏགས་ཟེར་་སྲོལ་མེད་ཞུས་པས། ད་འོ་ན་བེར་སྡེ་སྟག་རོང་དུ་བ་རྒྱ་སྐོར་འདི་ཇ་འོ་རྟེན་གྱིས་གསུངས་ནས་གནང་བ་ཡིད་ལྷུང་འདི་ཡིན་ལ། དཔའ་འོག་ནས་ལྷ་རི་མི་བདུན་རྐྱ་བདུན་དེ་ཕྱོགས་སུ་སོང་ནས་སར་བཟུང་བ་ལས་ལྷ་སྟག་གཉིས་ཟེར་བ་བྱུང་། ད་ལྟ་གཉེར་པ་འདི་རིགས་ཀྱི་རྒྱུད་པ་གཙོ་ཆེར་མེད། བླ་ཆེན་གྱི་སྐུ་ཚེའི་སྨད་རྩམ་དུ་ཆོས་བློན་གད་ཐོག་བྱུང་སྟེ་དེའི་ཕུག་བཤད་ན་ཚེ་ཚའུ་གམ་མགོན་པོ་ཞེས་དང་པོ་དཔལ་སྤུངས་བྱང་ཆུབ་གླིང་གི་གཉེར་པ་བྱེད། དེ་རྗེས་དཔལ་སྤུངས་གླིང་ལོག་བྱུང་དུས་རྨེ་ཤོད་གླིང་དཔོན་དུ་སི་མ་མགོ་བཏགས། དུ་སི་དང་བྲ་དགེ་སོགས་ནང་འཁྲུགས་དུས་གླིང་ཚང་དུ་ཕེབས་ནས་གླིང་གི་ཇེ་སང་དབང་ཡོད་མི་བརྒྱ་ཁ་གཅིག་ལྟ་བུ་བྱུང་ཡང་གཞན་གྱིས་མཐོ་ནོན་གྱིས་དཔོན་གཡོག་ནང་སེལ་དུས་བླ་ཆེན་ལ་མགོ་བཏགས་ཏེ་དགྲ་ཁ་ནས་གྲོགས་རྙེད་པ་ལྟར་མགོ་བླངས་ནས་ཟུལ་གཞུང་འདི་གད་པའི་ཐོགས་ལ་ཁང་པ་བརྒྱབས་པས་གད་ཐོག་ཅེས་པ་དེ་ནས་ཐོགས། དེའི་བུ་ཆེ་བ་ཨ་འུག་མ་འམ་ཀརྨ་སྐྱོབས་ཀྱིས་རྨེ་ཤོད་དུ་སིའི་སྡེ་བླ་ཆེན་ལ་ཕུལ་བའི་ཞབས་འདེགས་ཞུས། ཆུང་བ་ཨོ་ལོ་སུད་དང་གཉེར་ཆེན་ཀུན་དགའ་དོན་གྲུབ་ཀྱིས་འཁོར་ལོ་མདོ་ཟུལ་དཔོན་ཨ་བཀྲའི་ལག་ནས་སྡེ་དེ་བླངས་ཏེ་ཟུར་ཁྲོ་ཁ་སྟིང་ལ་རང་དབང་བསྒྱུར་བ་སོགས་བསྟན་སྲིད་ལ་ཞབས་ཀྱི་ཆེན་པོ་ཞུས། ཁྲི་ཆེན་སངས་རྒྱས་བསྟན་འཛིན་དུས་གཉེར་ཆེན་དེའི་བུ་གད་ཐོག་བླ་མ་ལྷ་ལུ་དང་གད་ཐོག་ཚེ་རིང་མགོན་པོ་སྤུན་གཉིས་བྱུང་བས་ལྷ་ལུ་ནི་གཏམ་ཚིག་རྩ་བློ་བསྐོར་ཡུས་དགྲ་དཔའ་རྒོད་སོགས་འགྲན་ཟླ་བྲལ། གཞན་གྱིས་ལོ་ཟླས་མ་འགྲིགས་པའི་ཁ་མཆུ་རྣམས་ཚིག་གསུམ་བཞིའི་རེས་གོ་བརྡ་སྤྲད་པས་དང་བླངས་མི་ཞུ་བ་གཅིག་ཀྱང་མེད། ཕྱིས་དགུང་ལོ་བསྒྲེས་དུས་སྡེ་གླིང་ཁ་ཆུ་ཆེན་པོ་ཞིག་ཐུག་སྐབས་བྱ་ཁྲལ་སྒར་ནས་གཉེར་པ་གཞན་གྱིས་ཉིན་བཅོ་ལྔ་ཙམ་བཤད་ཀྱང་མ་འགྲིགས་ནས་འཁྲུག་པ་རྒྱབ་བཤམ་བྱེད་དུས་གཉེར་རྒན་འདི་ཕེབས་ནས་སྡེ་དགེ་དགྲ་བྱེད་པས་ཡར་མ་སོང་། གཉེན་བྱེད་པས་མར་མ་སོང་ལས་དབང་ཅན་གྱི་རྒྱལ་པོ་ཡིན་པས་ཁྱོད་ཚོ་ཕམ་ལུགས་འདི་ལྟར་ཕམ་རྒྱུ་ཡིན། ཕམ་པའི་རྗེས་ལ་འདི་ལྟར་འོང་རྒྱུ་ཡིན། ཁྱོད་ལུག་ཆུང་འབེན་ཆུང་བཞག་ནུས་ན། ངེད་སྡེ་དགེ་ལ་སྡིག་པ་ཆེན་པོ་ཞིག་ལས་ཅི་མེད་ཚུལ་གསུངས་པས། གླིང་ཚང་ནས་རྩ་བའི་བླ་མའི་བཀའ་ཡིན་ཟེར་ནས་དང་ལེན་བྱས་པ་སོགས་བརྗོད་ཀྱི་མི་ལངས། གླིང་དྲུང་རྒོད་མ་སྡོད་མ་མཁས་པས་མཁར་རྡོ་བླངས། རག་ཆབ ཛཾ་ཐོག་བཅས་གཉེར་རྒན་དེས་བློ་སྟོབས་ཀྱིས་བླངས་ཏེ་ཆོས་སྲིད་ལ་ཞབས་ཕྱི་ཞུས་པའི་བློན་ཆེན་ཡིན། གད་ཐོག་ཚེ་རིང་མགོན་གྱི་བུ་གད་ཐོག་ཞང་སྐྱོབས་ནི་དགྲ་སྟོབས་དཔུང་ཤུགས་འགྲན་དུ་མེད་པས་མཚོ་སྔོན་རྒྱལ་པོའི་ཝ་ཤུལ་འབུམ་སྐྱབས་ཡག་ཟེར་བ་དགྲ་དཔའ་རྒོད་གླིང་རྒྱ་ཚ་འདྲ་ཞིང་དེའི་སྐྱེ་བ་ཡིན་པར་གྲགས་པ་དེ་ལ་རྒྱལ་པོའི་བཀའ་བཀྱོན་གནང་ནས་བཟུང་དགོས་དུས་བཟུང་མ་ཕོད་པས་གཉེར་པ་ཞང་སྐྱོབས་ཀྱིས་བཟུང་ནས་སོག་པོ་ལ་སྤྲད་པས་རྒྱལ་སོག་བོད་གསུམ་ལ་གྲགས་པས་ཁྱབ། ༼་་་་་་་་་མི་གསལ་༽ཁྲི་ཆེན་བསོད་ནམས་ཕུན་ཚོགས་དང་།ཆོས་རྒྱལ་བསྟན་པ་ཚེ་རིང་དུས་ཞང་སྐྱབས་བུ་གད་ཐོག་གཉེར་ཆེན་གཟུངས་རྒྱལ། མཁར་མདོ་ཆོས་སྐྱོང་བློ་གྲོས། དགེ་རབས་འབིར་ལུགས། གཉེར་པ་ཀུན་དགའ་སོགས་བྱུང་བས་གད་ཐོག་གཟུངས་རྒྱལ་ནི་བོད་དབུས་གཙང་ཕྱིན་ཆད་རྒྱ་ནག་པོ་ཡན་ཆད་བློ་ཐབས་རིག་པ་གཏམ་བཤད་ལན་འདེབས་པ་ལ་གདོང་ལེན་གཅིག་ཀྱང་མེད་པས་སྤྲུལ་པ་ཅན་གྱི་མིར་གྲགས། བསྟན་སྲིད་ཇེ་རྒྱས་ལ་སོང་ནས་རྒྱ་ནག་གོང་མའི་བཀའ་དམ་གསན་ཡུ་སི་ཐོབ། ཙིའུ་ཏ་ལོ་ཡེས་ས་མཚམས་ཆུ་མཚམས་དགོས་པས་རང་གང་འདོད་ཐོག་ས་ཡིག་གཏན་ཚིག་གི་ཐེའུས་མནན་པ་རང་ལག་ཐོབ་པ་སོགས་ཞབས་ཕྱི་ཆེ། མཁར་མདོ་ཆོས་སྐྱོང་བློ་གྲོས་ནི། བློ་ཁོག་དྲང་ཞིང་མཁྱེན་རྒྱ་ཆེ་བས་འཇིག་རྟེན་མི་ལུགས་ཀྱི་གོང་བ་ལེན། མཁའ་སྤྱོད་མའི་བསྙེན་པ་མཛད་རྡོ་ནག་ལ་རྡོ་དཀར་གྱི་སྐུ་རང་བྱོན་དུ་ཕེབས། གུར་གྱི་མགོན་པོས་ཞལ་གཟིགས། རྒྱལ་དབང་བདུན་པ་བོད་ཀྱི་ཁྲི་ཁར་བཀོད་པའི་ཞབས་འདེགས་སུ་ཞུས་པ་ཡིན། དགེ་རབ་འབིར་ལུགས་ནི། གད་ཐོག་ལྷ་ལུ་ནས་ཁྲི་ཆེན་བསོད་ནམས་ཕུན་ཚོགས་ལ་འབིར་ལུགས་འདི་ལ་བདག་རྐྱེན་ཞིག་མཛོད་དང་། ཆོས་སྲིད་ལ་ཕན་པ་བྱུང་ཞེས་པ་བཞིན་གཟིགས་བཟོས་གནང་བས་བསྟན་པ་ཚེ་རིང་དུས་ཧོར་མ་ཟུ་སོགས་དགྲ་མགོ་ཆམ་ལ་ཕབ་པའི་དུས་སོག་ལ་མཚོ་སྔོན་པོ་ཕྱིན་ཆད་རྒྱ་ནག་པོ་ཡན་ཆད་བོད་བར་བླངས། དགྲ་བཏུལ་ལུགས། གནང་བླངས་ལུགས། ས་བཟུང་ལུགས། ཐ་ན་མདོ་མགྲོན་གྱི་རྫ་ལམ་བཏོད་ལུགས་ཡན་ཆད་མི་དེ་སྐྱེ་རིང་ལ་གཏམ་དེ་བྱས་ཀྱིས་གྲགས་པ་ཐོབ་པ་བྱུང་། དེ་རྗེས་བླ་ཆེན་ཕུན་ཚོགས་བསྟན་པ་༼ཀུན་དགའ་ཕྲིན་ལས་རྒྱ་མཚོའི་དུས། མཁར་མདོ་་་་མི་གསལ༽ གད་ཐོག་གཉེར་ཆེན་བསོད་ནམས་བཀྲ་ཤིས། དགེ་རབ་གཉེར་པ་བོ་རྒྱལ། ཕྱག་མཛོད་གུ་རུ་བཀྲ་ཤིས། ལྷ་བུ་ཚེ་རིང་། ལྕགས་ར་བསྟན་པ་བཟང་པོ། ཨ་སྲུང་སོགས་དུས་མཉམ་ཡིན། ཁྲི་ཆེན་བློ་གྲོས་རྒྱ་མཚོའི་དུས། སྔར་གྱི་སྟེང་དུ་གཉེར་ཆེན་ཕྱུག་པོའི་བུ་དོན་གྲུབ། ཡིད་ལྷུན་དཔོན་ཨ་དཀར། ཕྱིས་སུ་མཁར་མདོ་བསོད་ནམས་ཉི་མ་སོགས་བྱུང་། དེ་རྗེས་གད་ཐོག་གཉེར་ཆེན་ནོར་བུ་དགྲ་འདུལ། དགེ་རབ་བོ་རྒྱས་བུ་མགོན་པོ་ཚེ་རིང་། རྒྱ་དཔོན་གུ་རུ་དོན་གྲུབ་སོགས་བྱོན་པ་ཡིན། གད་ཐོགས་གཟུང་རྒྱལ་དང་། དགེ་རུ་འབིལ་ལུགས་གཉིས་ཀྱིས་རྗེས་སུ་བསྟན་སྲིད་འདི་ལ་བཀའ་དྲིན་ཆེ་བ་དགེ་རབས་བོ་རྒྱས་ཡིན་ལ། ཧོར་མག་ཟུར་གྱིས་རྒྱལ་རོང་དམག་ཁྲིད་ཡོང་དུས་གཉེར་པ་འདི་དམག་དཔོན་དུ་ཕེབས་ནས་མཚན་གཅིག་གིས་མག་ཟུར་སྡེ་གཞུང་དུ་དམག་སྒར་རྒྱབ་ནས་གཏོར་ཤུགས་ངོམས་པས་མག་ཟུར་དགྲ་ལྷ་ཆགས་ནས་མི་ལ་མེད་དགོས་རྒྱུ་རང་ལ་ཡོད་དགོས་རྒྱུའི་དཔའ་བརྗིད་ཅན་གྱི་དམག་དཔོན་འདིའི་བློ་ཤད་ལ་བལྟས་ནས་རང་མགོ་ཐོན་དུས་རང་སྲོག་ཁེབས་དགོས་ཟེར་ནས་གྲོས་འགྲོ་དགོས་པ་བྱུང་སོང་བ་སོགས་བློ་རྩལ་ཅན་བྱོན། གཉེར་ཆེན་རབ་རྒྱས་ཀྱང་གཏམ་དང་བྱ་བ་རི་གཟར་གྱི་རྦབ་དང་འདྲ་བ་ཡོད་པས། ལན་གཅིག་རྒྱ་དཔོན་ཀོང་ཡེ་ཤུ་ཧོར་དཀར་མཛེས་ལ་ཕེབས་ནས་བེ་རི་དར་རྒྱས་ཀྱི་དབྱེན་ཞུས་བྱས་རྐྱེན་སྡེ་དགེ་འོང་དགོས་བཀའ་ཕེབས་ནས་ཧུ་ཡེ་ཞིག་དེད་པ་བཏང་དུས། གཉེར་ཆེན་འདིས་ངེད་སྡེ་དགེ་འདི་སྔར་སྲིད་ད་འབྱུང་སྲིད་པའི་གངས་རི་ལྟ་བུ་ཡིན་པས་ཤོག་ཟེར་བ་དང་འོག་མ་རག་ཅི་མེད། ཐ་ན་དཔོན་གཡོག་སྟོང་ཕྲག་གཅིག་ལས་ཉི་མི་ལོ། དེ་ཡང་ཟླ་བ་གཅིག་བར་གྲ་མི་འགྲིགས། དེ་མཚམས་གཅིག་འོང་དུས་རི་ཆེན་མགྲོན་དུ་འབོད་དུས་ཐང་ཆེན་གདན་དུ་མི་བཏིང་ཀ་མེད་ཡིན་པས་བེ་རི་དར་རྒྱས་སོགས་བདེ་མོ་ཨི་འོང་མི་ཤེས། ད་ལྟ་སྔར་ཞུས་ཡིན་གསུས་པས་རྒྱ་དཔོན་ནས་འཁྲུགས་པ་འོང་དོགས་ཀྱིས་སྡེ་དགེ་བྱོན་མི་དགོས་གསུངས་པ་སོགས་མི་རེ་རེའི་བློ་རྩལ་སྟོབས་ཤུགས་སྐད་ཆ་རྣམས་ལ་ངོ་མཚར་བ་མང་པོ་ཡོད། དེ་རྗེས་ས་དབང་བཟང་པོ་རྒྱལ་བཙུན་དང་། ཚེ་དབང་རྡོ་རྗེ་བཅས་ཀྱིས་དུས་གཉེར་ཆེན་བཤེན་རབ་སྟག་རྒྱལ་འདི་ཉིད་བསྟན་སྲིད་ལ་བཀའ་དྲིན་ཆེ་ཞིང་། བར་སྐབས་ཞིག་གླིང་ཚང་དང་ཟོ་བརྗོད་ཆེན་པོ་ཞིག་བཀུག་ནས་སྟོང་ཞིག་གྱོད་སྒར་བཏབ། སྡེ་དགེའི་གཉེར་པ་སྟག་རྒྱལ་སོགས་སོང་བས་གླིང་ཚང་པའི་ཞུ་ལོག་གིས་ཞལ་མཇལ་མ་ཐོབ་པས་རྒྱ་དཔོན་དེའི་ཞབས་ཕྱི་རྣམས་ལ་བརྔན་པ་བྱིན་ནས་ང་ལ་གུར་གྱི་སྒོ་འཇོག་ཏུ་རྒྱ་ཟས་ཞིག་བསྒྲིགས་ནས་ང་རང་སྡོད་སར་བསྐྱེལ་རོག་ཞུས་པས་དེ་ལྟར་བྱས། གཉེར་པ་རང་ནས་མཛོད་དར་གྱིས་དངུལ་རྡོ་ཚད་གཅིག་ལྕིབ་སྟེ་སྐེ་ལ་བཀོན་ནས་སེམས་མི་བདེ་བའི་རྣམ་པས། ཚུར་འོང་ནས་འགྱོད་ཆེན་པོ་ཡོད་མདོག་གི་ཤུག་རིང་འདོན་ཅིང་བྲང་བརྡུང་ནས་བཞུགས། དེ་ནུབ་གླིང་ཚང་པ་སེམས་མ་བདེ་ནས་ཕག་ཉན་འོོང་དུས་གཡོག་རྣམས་ནས་གཉེར་པའི་སེམས་ནད་དེ་ཅི་རེད་ཞུས་པས། ངས་བསམ་རྒྱུ་ཆོས་ཡིན་ཀྱང་བསྐོས་རྒྱུ་སྡིག་ལས་མི་འདུག སོང་ཉིན་གླིང་ཚང་དཔོན་གཡོག་བདུན་ང་ལ་རྐེ་ཆོད་ཟེར་བའི་རྒྱ་དཔོན་ཆེན་པོ་ནས་བཀའ་ཕེབ། དར་དང་དངུལ་གྱི་གསོལ་རས། རྒྱ་ཟས་ཀྱི་སྟོན་མོ་བཅས་བསྒྲིགས་རེད་གསུངས་པས་གླིང་ཚང་ནས་དེ་ཐོས་པ་དང་མཚན་དེར་ཡུལ་བུད། ཕྱིར་ནང་རྒྱ་དཔོན་མདུན་སྐུ་གཅར་ཞུས་ནས་གླིང་ཚང་ཡུལ་བུད་དུས་ཉེས་པ་ཨི་ཡོད་དེ་ཡིས་ཤེས། ད་དགྲ་རི་ལ་ཤོར་དུས་ཁྱོད་རྒྱ་དཔོན་ཡིན་ཀྱང་བག་ཟོན་མ་བྱས་ན་མི་ཕན་ས་སྟོང་དུ་བཞུགས་མི་ཉན། སྡེ་དགེར་ཕེབས་དགོས་ཞུས་པས་དེ་ལྟར་བྱས་ནས་རྒྱལ་ཁབ་འདིར་གྱོད་བཤད་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ་པ་བྱུང་། ཡང་ས་དབང་བཟང་པོ་སྐུ་ན་ཕྲ་སྐབས་བློན་ཆེན་མཁར་ནང་པའི་སྙིང་ལ་འདྲེ་ཞུགས་ནས་ཆོས་རྒྱལ་ལྷ་སྲས་དམ་པ་ལ་ཟས་ངན་གྱི་སྦྱོར་བ་བཤམ་སྐད་ཐོས་དུས་གཉེར་ཆེན་འདིས་ང་ལ་བཀའ་བཀྱོན་པ་ཆེན་པོ་རྒྱོབ། རིགས་ལྔ་མཆོད་རྟེན་བསྐོར་དགོས་པའི་ཉེས་ཆད་སྦྱོར་དང་། བདེན་མི་ངས་ཤེས་པ་བྱེད་གསུངས་པ་དེ་ལྟར་བྱས་པས། མཁར་ནང་པའི་བློ་ངན་དངོས་གསལ་རིགས་ནས་དུག་ཕུང་གཏིང་རྫོགས་བྱས་པ་སོགས་བྱ་བ་ཆེ་ལོང་རེ་རེ་ལ་ཡང་གྲགས་པ་ཅན་གྱི་བློ་འཕྲུལ་བཀོད་པ་སོགས་བསྟན་སྲིད་ལ་བཀའ་དྲིན་ཆེན་པོ་བྱུང་བ་ཡིན། ཆོས་རྒྱལ་དམ་ཚིག་རྡོ་རྗེའི་དུས་བསྟན་སྲིད་ལ་ཞབས་ཕྱི་ཆེ་བ་གཉེར་ཆེན་འཇུ་ཚ་ཀུན་དགའ་རྣམ་རྒྱལ། གཉེར་པ་སོག་མོ་ངག་དབང་བཀྲ་ཤིས། གཉེར་པ་རྒྱ་མཁར་དགེ་ལེགས་རྒྱལ་པོ་སོགས་བྱུང་བ་དེ་རྣམས་ཀྱང་ནང་གི་བསྟན་ཆུས་ལ་རང་སྲོག་འདོར་ནུས་པའི་བསམ་པ་གཅིག་ཏུ་མཐུན་ཅིང་ཕྱི་དགྲ་ལ་གནམ་ལྕགས་ཀྱི་ཐོག་ཟེར་བ་ལྟ་བུ། ནང་མི་ལ་རྒྱ་དར་གྱི་ལིང་ཚེ་ལྟ་བུའི་གཏམ་བློ་འཕྲུལ་གསུམ། དཔའ་རྩལ་སྟོབས་གསུམ། མཁས་འཛང་བཟང་གསུམ་སོགས་ཀྱིས་བྱ་བ་རེ་རེ་ལ་ཡང་གྲགས་པ་ཐོན་པའི་ཆོས་བློན་ངོ་མཚར་ཅན་བྱུང་བ་ཡིན། ཆོས་རྒྱལ་འཆི་མེད་རྟག་པའི་རྡོ་རྗེའི་དུས་གཉེར་ཆེན་དམ་པ་བྱ་རྒོད་པདྨ་ལས་གྲུབ། གཉེར་ལུག་ར་ཡེ་ཤེས་དར་རྒྱས། གཉེར་ཡར་མགོའི་བཀྲ་ཤིན་དོན་གྲུབ། གཉེར་དྲུང་གྱང་ཁང་ཚེ་དོན་སོགས་ཡིན་ལ་ཐམས་ཅད་བསྟན་སྲིད་འདི་ལ་སྒེར་དོན་རྒྱབ་ཏུ་བཞག སྤྱི་དོན་དངོས་སུ་ལེན་ནས་ཉག་དགྲའི་དུས་འགྱུར་སྐབས་སོགས་རང་སྲོག་འབེན་དུ་བཞག་ནུས་པ་ཅན་ཡོད་ལ། ཁྱད་པར་གཉེར་ཆེན་པདྨ་ལེགས་གྲུབ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པས་ཆོས་བློན་འགོས་པདྨ་གུང་བཙན་གྱི་སྐྱེ་བར་ལུང་བསྟན། བསྟན་དགྲ་ཉག་རོང་གི་རྒྱལ་ཁབ་བདེ་གཟར་བསླང་བའི་དུས་སོགས་ལ་བློ་བསྐོར་ཡུམ། དཔའ་སྙིང་སྟོབས། གཏམ་ཚིག་བཤད་འཕྲུལ་བཀོད་འདོམ་སོགས་རེ་རེ་ནས་འགྲན་ཟླ་མེད་པའི་མི་མངོན་ཤེས་ཅན་དུ་གྲགས། གཞུང་སའི་ལས་དམག་བཀུག་ནས་བསྟན་དགྲ་རྩ་བརླག་བཏང་། ཆོས་རྒྱལ་བློན་འཁོར་བཅས་པའི་སྐུ་སྲོག་གི་རྫིའུ་མཛད་ནས་གདན་སར་འཁོད་ཅིང་ཆོས་སྲིད་རང་དབང་སྦྱོར་ཆོག་པའི་ཆོས་བློན་འདི་ཡི་བཀའ་དྲིན་ལས་བྱུང་བ་ཡིན། ཁ༽འདིའི་དུས་སུ་འཇམ་མགོན་རྣམ་གསུམ་གྱི་སློབ་མར་གྱུར་ཅིང་། ༼དྲུང་ཆེན།༽མ་ཧཱ་པཎྜི་ཏའི་མཚན་འཆང་བ་རིག་པའི་གནས་ལྔ་ལ་མཁས་པས་སྐར་རྩིས་ཀྱི་གཞུང་ཟླ་བའི་མེ་ལོང་རྩོམ་པ་པོ་རྒྱ་མཁར་གཉེར་པ་དཔལ་གྲུབ་ཀྱང་བྱོན། ༼མི་གསལ་་་་་་་་་་༽རྡོ་རྗེ་སེངྒེ་དུས་དཔའ་འཛང་འཕྲུལ་དང་ལྡན་པའི་བཀའི་བློན་ཆེན་རྒྱ་བོད་གཉིས་པ་མང་དང་ཡོད་པ་ལས་ ཀ༽ དུས་ཁུག་བཟློག་མེད་ཀྱེ་སྟེང་དུ་སླེབ་ནས་ཨཾ་བྷན་ཀྲོད་ད་རིང་གི་སྣ་དྲངས་པའི་གོང་མའི་དམག་དཔུག་གིས་དབུས་གཙང་བར་བཟུང་བ་གཞུང་ས་ཆེན་པོའི་ཕྲིན་ལས་ཀྱི་མཐར་བསྐྲད་མཛད་པའི་ཤུལ་ཆོས་རྒྱལ་སྡེ་དགེའི་མཚན་སྙན་སྟོང་ལ་ཉེ་བའི་དུས། འཇམ་དབྱངས་ཕུན་ཚོགས་གཙོས་པའི་བློན་པོ་རྣམས་ནས་ད་ལྟའི་ས་སྤྱོད་ཆོས་རྒྱལ་འདི་ཉིད་རྒྱལ་ཁབ་འདིར་བཞུགས་གདན་འཇགས་ནས་རྒྱལ་ཁབ་ཆོས་སྲིད་ཀྱི་ཕྲིན་ལས་ལ་རང་དབང་བསྒྱུར་ཆོག་པའི་བློ་གྲོས་བང་མཛོད་ཀྱི་སྒོ་ཆེན་ཐོག་མར་ཕྱེས་པ་སོགས་སྡེ་དགེའི་བསྟན་སྲིད་ལ་བཀྲ་དྲིན་ཆེ་བ་མང་དུ་བྱོན་པ་ཡིན། ད་ལྟ་རང་ཅག་རྣམས་ཀྱི་སྐྱབས་མགོན་དམ་པ་མི་དབང་རི་རྒྱལ་ལྷུན་པོ་ཆོས་སྲིད་རྒྱལ་པོ་འདིའི་དུས་འདིར་དཔའ་བརྗིད་གླིང་གསུམ། མཁས་འཛང་འཕྲུལ་གསུམ་སོགས་འཇིག་རྟེན་མི་ཆོས་ཀྱི་ཕུ་ཐག་ཆོད་པའི་བཀའི་བློན་ཆེན་གསེར་རིའི་ཕྲེང་བ་གྲལ་བསྒྲིགས་པ་ལྟ་བུ་རྣམས་ཀྱི་ཆོས་སྲིད་བསྟན་པའི་ཕྲིན་ལས་རྩིབས་སྟོང་གསེར་གྱི་འཁོར་ལོ་ལྷག་བསམ་གཅིག་པའི་ཕྱག་གི་བཟུང་བའི་བཀའ་དྲིན་གྱིས་ས་སྐྱོང་རྒྱལ་པོའི་དབུ་འཕང་དགུང་དུ་མཐོ། བསྟན་སྲིད་ཀྱི་ཕྲིན་ལས་ཁྱབ་རྒྱ་ཆེ། བདེ་སྐྱིད་ཀྱི་ཉི་མ་མཁའ་ལ་ཤར་ནས་མངའ་རིས་ཡུལ་འབྲོག་དགོན་སྡེ་བཅས་པ་སྤྲིན་གསེབ་ཉི་ཤར་ལྟ་བུ་ཤིན་ཏུན་དགའ་སྐྱིད་འཛོམ་པའི་དུས་ཚོད་སྐལ་བ་བཟང་པོ་བྱུང་བ་འདི་ནི་ཆོས་ལྡན་གྱི་རྒྱལ་བློན་འདི་རྣམས་ཀྱི་སྐུ་དྲིན་ཁོ་ན་ཡིན་པས། ད་འབྱུང་ཕྱིན་ཆད་ཀྱང་འཆི་མེད་གྲུབ་པའི་ཚེ་དང་། རྒས་མེད་ལང་ཚོའི་མདངས་ལ་དབང་འབྱོར་ནས་ཞབས་པད་བརྟན་ཅིང་ཆོས་སྲིད་ནོར་བུའི་གདུགས་དཀར་འཛམ་གླིང་ཡངས་ལ་ཁྱབ་པའི་རྟེན་འབྲེལ་བཟང་པོའི་སྨོན་ལམ་འདེགས་པ་ལགས། དེ་རྣམས་ཀྱིས་ས་སྐྱོང་རྒྱལ་པོའི་རྒྱལ་རབས། ཆོས་ལྡན་མཛད་པའི་ཕྱག་རྗེས། རྒྱལ་ཁབ་བྱམས་པས་སྐྱོང་ལུགས། བཀའི་བློན་ཆེན་བྱོན་ཚུལ་སངས་རྒྱས་བསྟན་པ་སྤེལ་ལུགས། སེམས་ཅན་བདེ་སྐྱིད་བྱུང་ཚུལ་སོགས་མདོ་ཙམ་བཤད་པ་ཡིན་ལ་རེ་རེ་བཞིན་རྒྱས་པར་བཤད་ན་བཤད་རྒྱུའི་ཡོན་ཏན་མི་ཟད་ཀྱང་། བཤད་བྱེད་ངག་གི་རྩོལ་བ་དང་། སྣང་བྱེད་ཉི་མས་ཀྱང་མ་འདོང་པས་དེ་རིང་གི་སྐབས་སུ་ལང་སྐབས་དང་བསྟུན་པ་དེ་ཙམ་གྱིས་རྟེན་འབྲེལ་མཚོན་བྱེད་དུ་ལེགས་པར་གྲུབ་པ་ཡིན་ནོ། སླར་སྨྲས་པ། མཁས་མང་འོ་མའི་མཚོ་ལ་རྟག་རྒྱུ་ཞིང་། །རྣམ་དཔྱོད་གཤོག་རྩལ་རྫོགས་པའི་ངང་དཀར་ཚོགས། །ལེགས་བཤད་འབེལ་གཏམ་མགྲིན་རྔ་འཁྲོལ་རྣམས་ལ། །འདི་འདྲའི་བླུན་གཏམ་དགོས་པ་ནམ་ཡང་མེད། །གནའ་བོའི་ཐུགས་ཐུགས་ལ་བདོ་བ་ཆེས་དགའ་ཡང་། ་མི་གསལ་བ་འདུག༽།མི་ཤིས་མུན་པའི་གོས་ཅན་བདག་འདྲ་རྣམས། །ཉུང་ངུ་ངག་གི་ས་བོན་འདི་བཟུང་ནས། །རྒྱས་པ་འཆི་མེད་ལྗོན་བཟང་བསྟར་བར་རིགས། །དཔག་ཡས་རྟོགས་བརྗོད་ཡོངས་འདུས་དགའ་ཚལ་ལས། །སྙིང་པོར་བཏུས་པའི་མེ་ཏོག་མཆུན་པོ་འདི། །བློ་གསལ་རྣ་བའི་རྒྱན་དུ་འདོགས་ཙམ་གྱིས། །དགེ་ལེགས་ལང་ཚོའི་དཔལ་མང་འཕེལ་གྱུར་ཅིག །ཆོས་རྒྱལ་སྤྲུལ་པའི་ཉི་མ་ཞབས་པད་བརྟན། །བློན་རིགས་བློ་གྲོས་ཟླ་བའི་འཕེལ་ཁ་རྫོགས། །མངའ་འབངས་རྒྱུ་སྐར་དོ་ཤལ་བདེ་སྐྱིད་འཕེལ། །རྫོགས་ལྡན་འཆི་མེད་ལམ་ལ་སྤྱོད་གྱུར་ཅིག །ཅེས་པའང་གང་གི་གཅུང་པོ་དམ་པ་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་པོའི་དྲུང་སི་ག་ཀུན་བཟང་ཕྱི་ལས་ནས་འདི་ལྟར་བྲིས་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་ཞེ་དྲུང་པས་ ་་་་་་་་་་་པས་མཛད་པའི་འབེལ་གཏམ་དང་། གུར་བཀྲ་ཤིས་ཆོས་འབྱུང་། རྒྱལ་རབས་ནོར་བུའི་ཕྲེང་བ། བཀའ་བསྟན་གྱི་དཀར་ཆག་སོགས་ཡིག་ཆ་ཁུངས་ཐུབ་ལ་ཞིག་པར་བལྟས་ནས་ངག་རྒྱུན་དག་པ་རྣམས་ཀྱིས་ཟུར་བརྒྱན་ཅིང་བློ་གྲོས་གསལ་བ་རྣམས་ཀྱི་བརྗོད་བྱའི་ས་བོན་ཙམ་དུ་མདོར་བསྡུས་སུ་བཀོད་པ་འདི་ནོ་བློ་གྲོས་ཀྱི་ཤེས་རྒྱ་ཆུང་ཞིང་རྣམ་དཔྱོད་ཀྱི་རྩལ་མ་རྫོགས་པའི་ཀུན་རྨོངས་འཆལ་པོ་ཀུ་རོང་རྨུགས་སངས་བན་དེ་འཇམ་དཔལ་བཟང་པོའམ་ཙི་ར་ཡུ་སྡེ་ཞེས་པས། རབ་རྒྱལ་ལྕགས་སྦྲུལ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་སྟོན་མཆོག་ཉི་མའི་གཉེན་གྱི་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཚེས་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ལུགས་བརྒྱའི་འདུན་ས་དཔལ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ལེགས་པར་ཡོངས་སུ་གྲུབ་པར་བགྱིས་པས་ཆོས་ལྡན་གྱི་རྒྱལ་པོ་ཡབ་སྲས་བཙུན་བློན་འཁོར་འབངས་བཅས་པའི་ཞབས་པད་བརྟན་ཅིང་དབུ་འཕང་དགུང་དུ་མཐོ་བའི་རྒྱུར་གྱུར་ཅིག ས་རྦ་ད་ཀ་ལྱཱ་ཎཾ་བྷ་ཝནྟུ།
༼མ་དཔེ་མི་གསལ་བས་སླད་མར་ཞུ་དག་བགྱིས་པར་འཚལ།༽སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ནས་མཁོ་སྒྲུབ་ཞུས་ཏེ་སྤེལ།

http://degegws.com/%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%91%E0%BD%82%E0%BD%BA%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A3%E0%BC%8B%E0%BD%A2%E0%BD%96%E0%BD%A6%E0%BC%8B%E0%BD%84%E0%BD%82%E0%BC%8B/

沒有留言:

張貼留言